ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་དཀར་ནག་དང་འབྲུག་ཡུལ་གསུམ་པོས་ས་མཚམས་གསལ་པོ་བཟོ་དགོས་ཟེར། 


༄༅།། ཉེ་ཆར་འབྲུག་ཡུལ་གྱི་སྲིད་བློན་ཡུ་རོབ་ཏུ་ཕེབས་ཏེ་བོད་དང་འབྲུག་ཡུལ་གྱི་ས་མཚམས་སྐོར་གླེང་། རྒྱ་གར་དང་འབྲུག་ཡུལ། རྒྱ་ནག་བཅས་ཀྱིས་སྲིད་བློན་བློ་གྲོས་ཚེ་རིང་གི་གཏམ་བཤད་དེར་གོ་བ་མ་འདྲ་བ་རེ་བླངས། ཕྱི་ཟླ་༤་པའི་ཚེས་༡༠་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་དཀར་ནག་གཉིས་ཀས་འབྲུག་ཡུལ་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་རྩི་བཞིན་ཡོད་ཀྱང་ས་མཚམས་ཀྱི་གནད་དོན་ལ་གྲོས་མོལ་བྱེད་པའི་དུས་སུ་ཐོབ་ཐང་འདྲ་མཉམ་དགོས་ཞེས་གསར་འགྱུར་སྤེལ། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གིས་ཁམས་སྟོད་རྒྱལ་མོ་དངུལ་ཆུའི་འགྲམ་དུ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་འབྲུག་ཡུལ་གྱིས་རང་གི་ས་ཆ་བློས་བཏང་བ་འདྲ་ཞེས་གནས་ཚུལ་ཤུགས་ཆེན་སྤེལ། རྒྱ་ནག་གིས་གསར་འགྱུར་ལས་ཁང་ཁག་གིས་པེ་ཅིང་དང་ཐིམ་ཕུ་གཉིས་ཀས་གྲོས་མོལ་བྱས་ཀྱང་རྒྱ་གར་གྱིས་འགོག་རྐྱེན་བཟོས་ནས་ས་མཚམས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཐོན་ཐུབ་ཀྱི་མི་འདུག་ཅེས་བསྒྲགས།།

འབྲུག་ཡུལ་ནུབ་བྱང་ཁུལ་གྱི་ས་མཚམས་ནི་བོད་ཀྱི་ཆུ་འབིའི་གཞུང་གི་ཆུ་བོ་གྱེས་མཚམས་དང་རྒྱལ་མོ་ཆེན་གཙོས་ཧི་མ་ལ་ཡའི་རི་བོ་ཁག་ཅིག་ལ་ཐུག་ཡོད་པ་རེད་ཟེར། ༢༠༡༢་ལོར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ནུབ་བྱང་གི་ས་མཚམས་དབྱེ་བ་འབྱེད་དགོས་པའི་གྲོས་མོལ་མགོ་བརྩམས། ༢༠༡༦་ལོར་ཕྱོགས་གཉིས་མཉམ་འབྲེལ་ཐོག་ཏུ་ས་ཞིབ་བྱས་ནས་གྲུབ་འབྲས་ཐོན། ༢༠༡༧་ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀས་དམག་དཔུང་བཏང་སྟེ་འཐབ་འཁྲུག་རྒྱག་གྲབས་བྱུང་ནས་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ས་མཚམས་ལ་གྲོས་མོལ་བྱེད་ཀྱི་ཡོད་པར་རྦད་དེ་འགྱུར་བ་ཆེན་པོ་ཞིག་ཐེབས། རྒྱ་གར་གཞུང་ནས་པེ་ཅིང་དང་ཐིམ་ཕུ་གཉིས་ཀྱིས་ས་མཚམས་སྐོར་གྲོས་མོལ་བྱེད་ཀྱི་ཡོད་པ་དེ་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་དགག་པ་བརྒྱབ། རྒྱ་ནག་གིས་༡༨༩༠་ལོའི་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱི་གྲོས་མཐུན་བཞག་པ་གཞི་རྩར་བཟུང་སྟེ་ས་ཆའི་བདག་དབང་རྩོད། དབྱིན་རྒྱའི་གྲོས་མཐུན་དེར་བོད་འབྲུག་གི་ས་མཚམས་ནི་རི་བོ་རྒྱལ་མོ་ཆེན་དང་དེའི་ཉེ་འདབས་སུ་རྒྱུག་གི་ཡོད་པའི་ཁམས་སྟོད་རྒྱལ་མོ་དངུལ་ཆུའི་འགྲམ་དུ་བརྩི་དགོས་ཞེས་འཁོད།།

རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱིས་བོད་དང་འབྲུག་ཡུལ་གྱི་ས་མཚམས་ནི་འབའ་ཐང་ལ་དང་མེ་རུག་ལ། སིན་ཆུ་ལ་བཅས་ལ་ངོས་འཛིན་བྱ་དགོས། རི་བ་དེ་རྣམས་རྒྱལ་མོ་ཆེན་ལས་མཐོ་བ་ཡོད་པ་རེད་ཅེས་རྩོད་པ་འཕངས། རྒྱ་ནག་གིས་འབྲུག་ཡུལ་དང་རྒྱ་གར་གྱི་དགག་བྱ་ཁག་ལ་སྣང་མེད་བཏང་ནས་ཁམས་སྟོད་རྒྱལ་མོ་དངུལ་ཆུའི་འགྲམ་དུ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་བསྐྱངས། ཉེ་ཆར་འབྲུག་ཡུལ་གྱི་རྒྱལ་པོ་རྒྱ་གར་ལ་མཛའ་འབྲེལ་གྱི་འཚམས་འདྲིར་ཕེབས་ཏེ་འབྲོག་ལམ་ནི་རྒྱ་གར་དང་འབྲུག་ཡུལ་གྱི་འབྲེལ་བའི་ནང་གི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཤས་ཆེ། དཔེར་ན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་སུམ་འདྲེས་ས་ཁུལ་གྱི་རྩོད་གཞི་རྣམས་རྒྱལ་ཁབ་གསུམ་གྱིས་གྲོས་སྡུར་བྱས་ནས་ཐག་གཅོད་བྱ་དགོས་ཞེས་བསྐྱར་དུ་བཟློས། ཁོང་གིས་རྒྱ་ནག་ལའང་སུམ་འདྲེས་ས་ཁུལ་གྱི་རྩོད་གཞི་རྒྱལ་ཁབ་གསུམ་གྱིས་ཐག་གཅོད་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་དྲན་སྐུལ་བསླངས། འབྲོག་ལམ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་ཆགས་ཡོད་པས་དེ་ལ་སུམ་འདྲེས་ས་ཁུལ་ཞེས་མིང་བཏགས།།

རྒྱ་གར་གྱི་བང་ཆེན་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་སུམ་འདྲེས་ས་ཁུལ་གྱི་གནད་དོན་དེ་རྒྱལ་ཁབ་གསུམ་པ་ཞིག་ལ་གྲོས་སྡུར་བྱ་དགོས་ཞེས་༢༠༡༢་ལོར་ཐིམ་ཕུ་དང་པེ་ཅིང་གཉིས་ཀྱིས་བཞག་པའི་གྲོས་མཐུན་ཁོངས་སུ་མི་གསལ། ༢༠༡༢་ལོའི་གྲོས་མཐུན་ནང་དུ་མ་འོངས་པར་སུམ་འདྲེས་ས་ཁུལ་གྱི་ས་མཚམས་དབྱེ་བ་འབྱེད་དགོས་ཞེས་འཁོད་ཡོད། གྲོས་མཐུན་དེའི་དོན་སྙིང་ནི་༢༠༡༢་ལོར་བཞག་པའི་གྲོས་མཐུན་གྱི་འབྲུ་དོན་ཁག་མིན་པར་༡༨༩༠་ལོར་བཞག་པའི་གྲོས་མཐུན་དེར་ཅི་ཞིག་བཀོད་ཡོད་པ་རྣམས་གཙིགས་སུ་འཛིན་དགོས་པ་འཁོད་ཅེས་ལན་བཏབ། ཕྱོགས་ཚང་མས་ཁ་གསལ་མེད་པའི་སྲིད་ཇུས་ཤིག་བཟུང་བའི་རྐྱེན་གྱིས་མི་ཚོས་ཚོད་དཔག་སྣ་ཚོགས་ཤིག་བྱ་དགོས་བྱུང་ཞིང་། དེས་ན་ཕྱོགས་གསུམ་གྱི་གྲོས་མོལ་འགོ་འཛུགས་བྱ་རྒྱུ་གནད་འགག་ཆེ་བ་དང་འབྲེལ་ལམ་སྒོ་འབྱེད། གོ་ལོག་ཐེབས་ས་མེད་པ་ཞིག་མ་བྱུང་ན་ཕྱིས་སུ་འབྲོག་ལམ་ལྟ་བུའི་ས་མཚམས་ཁག་ཏུ་ཞི་བདེ་བརྟན་ལྷིང་བསྐྲུན་མི་ཐུབ་པ་དང་འཁྲུག་རྩོད་ལང་རྒྱུ་བཟློག་དཀའ་བའི་གནས་སུ་འགྱུར་རྒྱུའི་ཉེན་ཁ་ཆེ་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༡༠་ཉིན་ཧྥར་སི་ཊི་ཕོ་སི་ཊི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་ཤུགས་རྐྱེན་ཐེབས་རྒྱུ་འགོག་མི་ཐུབ་པ་དང་མ་འོངས་པར་བཙན་དྲག་གི་ཕྱི་འབྲེལ་ཐབས་ཇུས་ཤིག་བཟུང་ནས་ས་ཁྲོན་ཆེན་པོ་ཞིག་གི་དོན་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་དཔུང་ཤུགས་ངོམ་རེ་བྱ་རྒྱུ་ཡིན་པོ་ཤིན་ཏུ་གསལ། ཕྱི་ཟླ་༤་པའི་མགོ་སྟོད་འདིར་རྒྱ་གར་གྱི་སྲིད་འཛིན་དྷ་རོ་པ་དི་མུར་མུས་མགྲོན་འབོད་གནང་བ་ལྟར་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱ་གར་ལ་འཚམས་འདྲིར་ཕེབས་ཤིང་། ཁོང་གི་ལྷན་དུ་འབྲུག་ཡུལ་གྱི་ཕྱི་སྲིད་དང་ཕྱིར་ཚོང་བློན་ཆེན་རྟ་མགྲིན་རྡོ་རྗེ་སོགས་འབྲུག་ཡུལ་གྱི་མཐོ་རིམ་ལས་སྣེ་ཚོ་ཕེབས་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་བྱུང་། འབྲུག་རྒྱལ་པོ་ལྡི་ལི་གསར་པར་འཚམས་འདྲིར་མ་ཕེབས་སྔོན་དེར་སྲིད་བློན་བློ་གྲོས་ཚེ་རིང་གིས་བྷེལ་ཇེམ་གྱི་ཚགས་པར་ཞིག་གི་གསར་འགོད་པར་འབྲོག་ལམ་གྱི་སུམ་འདྲེས་ས་ཁུལ་གྱི་རྩོད་གཞི་དེར་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་ལ་གྲོས་མོལ་གྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་ཞེས་གླེང་སློང་བྱས་པའི་གཞུག་ཏུ་བྱུང་འདུག

འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་པར་གོམས་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞིག་བཞག་ཡོད། ཡིན་ནའང་འབྲོག་ལམ་གྱི་སུམ་འདྲེས་ས་མཚམས་དེ་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཆེན་པོ་ཡིན་པས་དེ་ལ་གུ་བཤངས་སམ། ཡང་ན་རྒྱ་གར་གྱི་ཁེ་ཕན་ལ་གནོད་པའི་གྲོས་མཐུན་ཅི་ཡང་འཇོག་རྒྱུ་མིན་ཞེས་ཁག་ཐེག་བྱ་དགོས་བྱུང་ཞིང་། འབྲག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གི་བཀའ་མོལ་དེས་རྒྱ་གར་གཞུང་ལ་བློ་འཚབ་ཆེན་པོ་བྱུང་། རྒྱ་གར་དང་འབྲུག་ཡུལ་གྱི་འབྲེལ་བ་དེ་ཡུན་རིང་དང་ཡིད་ཆེས། མངོན་ལྐོག་མེད་པ་དང་གཉིས་ཀས་ཕན་ཚུན་རྒྱུས་ལོན་གྱི་རྨང་གཞིའི་ཐོག་ཏུ་ཚུགས་ཏེ་བརྟན་པོ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གིས་ལྷོ་ཨེ་ཤི་ཡ་སྤྱི་དང་འབྲུག་ཡུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བརྗོད་ཅི་དགོས། སྲིད་བློན་བློ་གྲོས་ཚེ་རིང་གི་བཀའ་མོལ་རྗེས་སུ་རྒྱ་གར་གྱིས་སྔར་བཞིན་འབྲུག་ཡུལ་ལ་བློ་འགེལ་ཐུབ་མིན་དོགས་གནས་སུ་གྱུར། ད་ནས་རྒྱ་གར་གྱིས་འབྲུག་ཡུལ་ལ་དོགས་ཟོན་གྱི་སྲིད་ཇུས་ཤིག་འཛིན་སྲིད་ཅེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་དང་རྒྱ་ནག་གིས་གྲོས་མོལ་ཅི་ཞིག་བྱས་ཀྱང་རྒྱ་གར་དོགས་འདྲོག་ལང་རྒྱུ་ཆོས་ཉིད་ཡིན་པ་སྟེ། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་རྒྱ་ནག་དང་འབྲུག་ཡུལ་གྱི་སྐུ་ཚབ་ཚོས་ཁུན་མིན་གྲོང་ཁྱེར་དུ་གྲོས་སྡུར་བྱས་ནས་ཉི་མ་༣་གྱི་རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་ཀ་ཝ་ཏྲ་འབྲུག་ཡུལ་དུ་འབྱོར། འབྲུག་གཞུང་གིས་འབྲོག་ལམ་གྱི་རྩོད་གཞི་རྣམས་རྒྱ་དཀར་ནག་གཉིས་དང་འབྲུག་བཅས་ཕྱོགས་གསུམ་མཉམ་འབྲེལ་ཐོག་ཏུ་ཐག་གཅོད་བྱ་དགོས། དེ་ནི་འབྲུག་ཡུལ་གཅིག་པུས་ཐག་གཅོད་བྱེད་ཐུབ་པའི་གནད་དོན་ཞིག་མིན། རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་གསུམ་མཉམ་འབྲེལ་བྱ་དགོས་པར་མ་ཟད། ལྷག་པར་དུ་ཕྱོགས་གསུམ་འདྲ་མཉམ་ཐོག་ཏུ་འབྲོག་ལམ་གྱི་རྩོད་གཞི་ཐག་གཅོད་བྱ་དགོས་ཞེས་བསྟན། འབྲུག་རྒྱལ་པོ་དང་སྲིད་བློན། འབྲུག་ཡུལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་རྒྱ་དཀར་ནག་གཉིས་ཀྱི་གཅིག་ལའང་ཕོག་ཐུག་མ་ཤོར་བར་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་དགོས་པ་ངོས་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG