ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འབྲུག་པའི་སྲིད་བློན་ནས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཟེར། 


SWITZERLAND-HEALTH-VIRUS-WHO
SWITZERLAND-HEALTH-VIRUS-WHO

༄༅།། འབྲུག་པའི་སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་པར་རྒྱ་གར་གྱིས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་ལྡི་ལི་གསར་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་ལ་བྷེལ་ཇེམ་རང་དབང་གསར་ཤོག་གི་གསར་འགོད་པས་བཅར་འདྲི་ཞུས། སྲིད་བློན་བློ་གྲོས་ཚེ་རིང་གིས་ས་མཚམས་ཀྱི་གནད་དོན་དེ་འབྲུག་ཡུལ་གཅིག་པུས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་ཕྱོགས་གསུམ་གྱིས་ཐག་གཅོད་བྱ་དགོས། དེ་ལ་སྟོབས་ཆེན་དང་སྟོབས་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཐོག་ཏུ་རྒྱལ་ཁབ་གསུམ་གྱིས་ཐག་གཅོད་བྱ་དགོས་པའི་གནད་དོན་ཞིག་ཡིན། གལ་སྲིད་ཕྱོགས་ཁག་གཞན་གཉིས་ལ་གྲ་སྒྲིག་ཡོད་ན་ང་ཚོ་སུམ་འདྲེས་ས་མཚམས་ཀྱི་ས་ཆ་འབྲོག་ལམ་གྱི་གནས་བབ་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

༢༠༡༧་ལོར་རྒྱ་དཀར་ནག་གཉིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་ཀྱི་ས་ཁུལ་དེར་དམག་གྲ་བསྒྲིགས་ནས་འཐབ་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱས་ནས་བསྡད། ད་ལྟ་ལོ་༦་གི་རྗེས་སུ་འབྲུག་པའི་སྲིད་བློན་གྱིས་རྒྱ་ནག་ལ་མཐོ་སྒང་ས་ཆ་དེའི་རྩོད་གཞི་སེལ་བར་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད་དགོས་པ་ཞིག་རེད་ཅེས་བསྒྲགས། རྒྱ་གར་གྱིས་འབྲོག་ལམ་མངའ་ཁུལ་ནི་འབྲུག་པའི་མངའ་ཁོངས་སུ་གཏོགས་པ་དང་རྒྱ་ནག་གིས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་ཡོད་པའི་ལངས་ཕྱོགས་བཟུང་། གཟའ་འཁོར་འདིར་འབྲུག་པའི་སྲིད་བློན་གྱིས་རྒྱ་ནག་ལ་འབྲོག་ལམ་གྱི་གནས་བབ་ཐོག་ཏུ་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་ཡོད་ཅེས་བཤད་པ་དེ་རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཐབས་བྲལ། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་ས་ཆ་བཟུང་ནས་རྒྱ་སྐྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་ཞིག་ཏུ་གྱུར། འབྲོག་ལམ་ནི་རྒྱ་གར་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་སྦྲེལ་མཚམས་ཀྱི་ཤི་རི་གུ་རིའི་ཤུར་ལམ་ཕྲ་མོར་བར་ཐག་ཤིན་ཏུ་ཉེ་བས་ཡིན་འདུག

ལྡི་ལི་གསར་པའི་བརྙན་འཕྲིན་ཁང་གིས་འབྲུག་པའི་སྲིད་བློན་ནས་འབྲོག་ལམ་གྱི་གནས་བབ་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཟེར་བ་ནི་༢༠༡༩་ལོར་རྒྱ་གར་གྱི་ཧིན་རྡུ་ཚགས་པར་གྱི་གསར་འགོད་པར་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་འབྲེལ་ཡོད་རྒྱལ་ཁབ་གསུམ་གྱི་གཅིག་གིས་ཀྱང་རང་ངོས་ནས་སུམ་འདྲེས་ས་མཚམས་ཀྱི་ཉེ་འཁོར་དུ་འགྱུར་བཅོས་ཅི་ཡང་གཏོང་མི་ཆོག་ཅེས་བཤད་པ་དང་རྒྱབ་འགལ་རེད་ཅེས་གནས་ཚུལ་སྤེལ། འདས་པའི་ལོ་བཅུ་ཕྲག་མང་པོར་འབའ་ཐང་ལ་(Batang La Pass ས་མིང་འདིའི་བོད་ཡིག་གི་དག་ཆ་མ་ཤེས)ནི་རྒྱལ་སྤྱིའི་ས་མཚམས་སུ་ངེས། འབའ་ཐང་ལའི་བྱང་ཕྱོགས་སུ་བོད་ཀྱི་ཆུ་འབི་གཞུང་ཆགས་ཡོད་པ་དང་ལྷོ་ཕྱོགས་སུ་འབྲུག་ཡུལ། ཤར་ཕྱོགས་སུ་རྒྱ་གར་དང་ནུབ་ཕྱོགས་སུ་འབྲས་ལྗོངས་ཆགས། རྒྱ་ནག་གིས་སུམ་འདྲེས་ས་མཚམས་དེ་འབའ་ཐང་ལ་ནས་ལྷོ་ཕྱོགས་སུ་རི་བོ་རྒྱལ་མོ་ཆེན་བར་དུ་སྤྱི་ལེ་༧་བསྣུར་དགོས་ཟེར། གལ་སྲིད་སུམ་འདྲེས་ས་མཚམས་དེ་རི་བོ་རྒྱལ་མོ་ཆེན་བར་དུ་བསྣུར་ན་འབྲོག་ལམ་ས་ཁུལ་ཧྲིལ་པོ་ཁྲིམས་ཐོག་ཏུ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་པས་རྒྱ་གར་གྱིས་དེ་ལ་གཏན་ནས་མོས་མཐུན་བྱེད་མི་སྲིད་པའི་གནས་ཚུལ་ཐོན་འདུག

༢༠༡༧་ལོར་རྒྱ་གར་གྱི་དམག་དཔུང་འབྲོག་ལམ་དུ་བསླེབས་ནས་དུས་ཡུན་ཟླ་བ་གཉིས་ལྷག་ལ་རྒྱ་ནག་གིས་རི་བོ་རྒྱལ་མོ་ཆེན་བར་དུ་རྒྱ་ལམ་འཛུགས་སྐྲུན་དང་བྱམས་པ་རིའི་རི་རྒྱུད་རྣམས་ཧམ་འཛིན་བྱེད་ཀྱི་ཡོད་པ་རྣམས་བཀག རྒྱ་ནག་གིས་བྱམས་པ་རིའི་རི་རྒྱུད་ལེན་ཐུབ་ན་ཤི་རི་གུ་རིའི་ཤུར་ལམ་མིག་ལམ་དུ་ཚུད། སུམ་འདྲེས་ས་མཚམས་ལ་རྒྱ་ནག་གིས་རྒྱ་ལམ་འཛུགས་སྐྲུན་བྱས་ནས་འབྲུག་ཡུལ་གྱི་ནུབ་ཕྱོགས་སུ་རྒྱ་བསྐྱེད་ན་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་འགྲོ་ཤས་ཆེ། རྒྱ་གར་གྱི་དམག་སྤྱི་ཟུར་པ་པཀྴི་ཡིས་རྒྱ་ནག་གིས་རང་ངོས་ནས་སུམ་འདྲེས་ས་མཚམས་ཀྱི་གནས་བབ་ལ་འགྱུར་བ་བཏང་ན་རྒྱ་གར་གྱི་དམག་གིས་དེ་ལ་ནམ་ཡང་ངོས་ལེན་བྱ་ཐབས་མེད་ཅེས་བསྟན། རྒྱ་ནག་གིས་སྐབས་དེར་འབྲོག་ལམ་གྱི་ཤར་ཕྱོགས་སུ་ཆགས་པའི་ཨ་མོ་ཆུ་བོའི་གཞུང་བར་དུ་རྒྱ་ལམ་འཛུགས་སྐྲུན་བྱས། ད་ལྟ་ཨ་མོ་ཆུ་བོའི་གཞུང་དུ་རྒྱ་ནག་གིས་གྲོང་ཚོ་གསར་པ་ཞིག་ཚུགས་ཡོད་པ་འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་གསལ།།

ལྡི་ལི་གསར་པའི་བརྙན་འཕྲིན་ཁང་གིས་སྲིད་བློན་བློ་གྲོས་ཚེ་རིང་གི་སྐད་ཆར་མཉན་ན་འབྲུག་གཞུང་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ནས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༧༠་དང་བྱང་ཕྱོགས་ནས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༥༠༠་ཐམ་པ་བློས་བཏང་སྟེ་རྒྱ་ནག་གིས་ཧམ་འཛིན་བྱེད་དུ་མ་བཅུག་ཐབས་མེད་ཡིན་པ་དང་འབྲུག་ཡུལ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་ཡོད་པ་མཚོན་ཐུབ་ཅེས་གསར་འགྱུར་སྤེལ། སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་ནས་འབྲུག་པའི་ས་ཐོག་ཏུ་རྒྱ་ནག་གིས་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱས་འདུག་ཅེས་གླེང་སློང་ཆེན་པོ་བྱེད་ཀྱི་འདུག ང་ཚོས་དེ་གནད་འགག་ཅིག་ཏུ་རྩི་ཡི་མེད། ཅིའི་ཕྱིར་ཞེ་ན་གྲོང་ཚོ་དེ་རྣམས་འབྲུག་པའི་ས་ཐོག་ཏུ་འཛུགས་སྐྲུན་བྱས་མེད་པ་དང་འབྲུག་པའི་ས་ཐོག་ཏུ་རྒྱ་ནག་ཧམ་འཛུལ་བྱེད་ཀྱི་འདུག་ཅེས་གླེང་སློང་འབྱུང་གི་ཡོད་པ་བདེན་པ་མ་རེད་ཅེས་ང་ཚོས་དགག་པ་རྒྱག་གི་ཡོད། དེ་ནི་རྒྱལ་སྤྱིའི་ས་མཚམས་ཡིན་པ་དང་ས་ཆ་གང་འབྲུག་གི་མངའ་ཁོངས་སུ་གཏོགས་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

རྒྱ་གར་གྱི་བདེ་འཇགས་ཉམས་ཞིབ་པ་བྷ་ར་མ་ཆེ་ལེ་ནེས་འབྲུག་པའི་སྲིད་བློན་གྱིས་རང་གི་ས་ཐོག་ཏུ་རྒྱ་ནག་གི་གྲོང་ཚོ་འཛུགས་སྐྲུན་བྱས་མེད་ཟེར་གྱི་ཡོད་པ་ནི་ངོ་ཚ་མི་འབྱུང་བའི་སྐད་ཆ་ཞིག་རེད། རྒྱ་ནག་གིས་ས་ཆ་འཕྲོག་རྒྱུའི་ཧམ་པ་ཆེ་རུ་འགྲོ་སྲིད་ཅེས་སྨྲས། ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་ས་ཁམས་ཆབ་སྲིད་ཉམས་ཞིབ་པ་ཇཱི་ནེ་ཝེབ་ཌོན་ནེ་ལོན་མཱེ་ཞེས་པ་ཞིག་གིས་འབྲུག་པའི་སྲིད་བློན་གྱི་སྐད་ཆ་དེའི་གནད་འགག་ནི་རྒྱ་ནག་ལ་འབྲོག་ལམ་གྱི་རྩོད་གཞི་སེལ་བའི་ལས་འགན་ཆེན་པོ་ཞིག་ཡོད་པ་ངོས་ལེན་བྱས་པ་མཚོན་ཐུབ། འབྲུག་ཡུལ་གྱི་ནུབ་ཕྱོགས་སུ་རྩོད་གཞི་ཡོད་པ་ལོགས་སུ་བཀར་ཏེ་འབྲོག་ལམ་ནི་རྒྱ་གར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཏུ་བརྩིས་པར་སྣང་། དེ་ནི་རྒྱ་ནག་གིས་འབྲུག་ཡུལ་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་ཕྱིན་པའི་སྟབས་ཀྱི་རེད་ཅེས་བཀྲལ། ད་སྔ་འབྲུག་གཞུང་གིས་ནུབ་ཕྱོགས་ཀྱི་ས་ཆ་ཤོར་ཟིན་པ་རྣམས་བློས་བཏང་སྟེ་བྱང་ཕྱོགས་ཀྱི་རྩོད་གཞི་ཅན་གྱི་ས་ཆ་དེ་རྣམས་འཛོན་ཐབས་བྱ་རྒྱུ་ཡིན་མིན་གསལ་བཀྲོལ་མི་ཐུབ། རྒྱ་ནག་གིས་འབྲུག་ཡུལ་གྱི་ནུབ་ཕྱོགས་ནས་ས་ཆ་ཧམ་འཕྲོག་བྱས་པ་རྣམས་ཁྲིམས་མཐུན་དུ་བསྒྱུར་ན་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་འབྱུང་རྒྱུ་བརྗོད་མི་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ།།

Doklam india China
Doklam india China

ཕྱི་ཟླ་༣་པའི་ཚེས་༢༨་ཉིན་རྒྱ་གར་གྱི་ས་ཝ་ར་ཇ་བ་གསར་ཁང་གིས་ཀྱང་འབྲོག་ལམ་གྱི་རྩོད་གཞི་ནི་རྒྱལ་ཁབ་གསུམ་གྱིས་ཐག་གཅོད་བྱེད་དགོས་པའི་གནོད་དོན་ཞིག་ཡིན། ང་ཚོ་དོགས་འདྲོག་ལངས་ཏེ་འབྲུག་པའི་སྲིད་བློན་གྱི་སྐད་ཆར་འཕྲལ་དུ་ལན་འདེབས་བྱེད་དགོས་དོན་མེད་ཅེས་ཡི་རང་མ་བྱུང་བའི་རྣམ་འགྱུར་གསལ་པོར་ཐོན། ད་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་དང་འབྲུག་པའི་སྐུ་ཚབ་ཚོས་ཁུན་མིང་གྲོང་ཁྱེར་དུ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་སེལ་དགོས་པའི་གྲོས་མཐུན་འཇོག་རྒྱུར་འཐད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་གྲོས་མོལ་སྐོར་ཐེངས་༢༠་བྱས་ནས་གྲོས་མཐུན་འབྱུང་གྲབས་ཡོད་པའི་གནས་ཚུལ་ཐོན། སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་དང་འབྲུག་ཡུལ་གཉིས་ལ་ས་མཚམས་ཀྱི་རྩོད་པ་ཆེན་པོ་མེད། ང་ཚོས་ས་མཚམས་ཁག་ཅིག་དབྱེ་བ་ཕྱེ་མེད་པ་དང་ད་དུང་གྲོས་མོལ་ཐེངས་རེ་ཟུང་ཞིག་བྱས་པའི་རྗེས་སུ་ས་མཚམས་དབྱེ་འབྱེད་གསལ་པོ་ཞིག་བྱེད་ཐུབ་ཅེས་ས་མཚམས་ཀྱི་ཛ་དྲག་ཆུང་དུ་བཏང་ཞིང་། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་གཞི་རྩར་བཟུང་སྟེ་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG