ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲུག་གཞུང་གིས་སྲིད་དོན་བཙོན་པ་ཚོ་གློད་གྲོལ་གཏོང་དགོས་པའི་ནན་སྐུལ། 


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཁོ་ཚོར་ཁྲིམས་བཤེར་དྲང་སྙོམས་མ་བྱས་པར་ལོ་བཅུ་ཕྲག་མང་པོར་བཙོན་འཇུག་བྱེད་བཞིན་ཡོད་པ་ནི་འོས་འཚམས་ཤིག་མ་རེད་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག བདུན་ཕྲག་སྔོན་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་༣༧་རྩད་ཞིབ་བྱས་ནས་སྙན་ཐོ་བཏོན་པ་ལྟར་ན། འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་དེ་རྣམས་ཐོག་མར་༡༩༩༠་ནས་༢༠༡༠་བར་དུ་བཀག་ཉར་བྱུང་། སྲིད་དོན་བཙོན་པ་ཁག་ཅིག་ལོ་མང་རིང་བཙོན་འཇུག་བྱས་ཏེ་མནར་གཅོད་དྲག་པོ་ཕོག་པའི་རྗེས་སུ་གློད་གྲོལ་ཐོབ། འབྲུག་ཡུལ་གྱི་ཁྲིམས་ཁང་ཁག་གིས་ཆབ་སྲིད་ཀྱི་ཞི་བའི་ལས་འགུལ་བ་དང་དབྱེ་འབྱེད་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་སོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཉེན་ཁ་འཕྲད་དུ་འཇུག་མཁན་ཞེས་ནག་ཉེས་བཙུགས་ནས་ཁྲིམས་ཐག་གཅོད་ཀྱི་འདུག་ཅེས་བཀོད།།

Human Rights Watch
Human Rights Watch

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེང་སྐབས་འབྲུག་ཡུལ་གྱི་བཙོན་ཁང་ཁག་ཏུ་སྲིད་དོན་བཙོན་པ་ཅི་ཙམ་ཡོད་མེད་གྲངས་ཀ་གསལ་པོ་ཞིག་རྩད་གཅོད་མི་ཐུབ། སྲིད་དོན་བཙོན་པ་༣༧་རྩད་ཆོད་པ་རྣམས་བཙོན་པ་གཞན་གྱི་མཉམ་དུ་མ་བཞག་པར་ལོགས་སུ་བཅུག་སྟེ་ལུས་ཟུངས་ཉམས། ཁོ་ཚོར་ལུས་སེམས་ཀྱི་མནར་གཅོད་ཚབས་ཆེན་ཕོག་ཀྱང་བཟའ་མི་ཚོར་འབྲེལ་བ་དང་ཐུག་འཕྲད་བྱེད་ཆོག་པའི་གོ་སྐབས་མ་སྤྲད། འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་དེ་རྣམས་༢༠༠༨་ཀྱི་སྔོན་ཏེ། འབྲུག་ཡུལ་རྒྱལ་པོའི་དབང་བསྒྱུར་ལམ་ལུགས་འོག་ནས་རྩ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཤིག་ཏུ་མ་འགྱུར་སྔོན་ནས་བཙོན་དུ་ཚུད་པ་ཡིན་ཞིང་། ཁོ་ཚོར་ཚེ་བཙོན་ནས་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་བཅད། འབྲུག་ཡུལ་གྱི་ལས་འགུལ་བ་ཚོས་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་སྲིད་དོན་བཙོན་པ་རྣམས་ཉེས་ཡངས་གཏོང་དགོས་ཞེས་འབོད་སྐུལ་ཞུ་བཞིན་པའི་གནས་ཚུལ་ཐོན་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མཱི་ནག་ཤི་གྷན་གུ་ལིས་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་འཁོད་པ་ལྟར་ན། འབྲུག་གཞུང་གིས་ཡོངས་གྲགས་སུ་རྒྱལ་ཡོངས་ཀྱི་བདེ་སྐྱིད་ཅེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་ནག་ཉེས་མེད་པར་ཁྲིམས་ཐག་བཅད་པའི་སྲིད་དོན་བཙོན་པ་རྣམས་ཀྱི་བདེ་སྐྱིད་ནི་རྒྱལ་ཡོངས་ཀྱི་བདེ་སྐྱིད་ཁོངས་སུ་འདུས་མེད་པར་སྣང་། འབྲུག་ཡུལ་གྱི་དབང་འཛིན་པ་ཚོས་ལོ་མང་གི་བཙོན་འཇུག་ཉེས་ཆད་འཁུར་བཞིན་པའི་སྲིད་དོན་བཙོན་པ་རྣམས་དང་དེ་དག་གི་བཟའ་མི་བཅས་ལ་གནོད་འཚེ་ཕོག་ཡོད་པ་ངོས་ལེན་བྱས་ཏེ་མྱུར་དུ་བཅོས་ཐབས་བསྟེན་དགོས་ཞེས་བསྐུལ། སྲིད་དོན་བཙོན་པ་༣༧་གྱི་ཁོངས་ནས་བཙོན་པ་༣༢་ལྷོ་མཚམས་པ་ཞེས་འབོད་པའི་བལ་པོའི་རིགས་སུ་གཏོགས། འདས་པའི་ལོ་བཅུ་ཕྲག་མང་པོར་འབྲུག་གཞུང་གིས་ལྷོ་མཚམས་པ་ཚོ་དམིགས་སུ་བཀར་ནས་སྡང་ཟུག་དང་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོར་མུ་མཐུད་དུ་འཁོད་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༩༠་པའི་མགོ་སྟོད་དེར་འབྲུག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ལུགས་ལག་བསྟར་དང་སྤྱི་དམངས་ཀྱི་ཐོབ་ཐང་བརྩད་ནས་འབྲུག་པའི་བདེ་འཇགས་མི་སྣ་ཚོས་ལྷོ་མཚམས་པ་ཁྲི་ཚོ་༩་ལྷག་བལ་ཡུལ་དུ་མཐར་སྐྲོད་བཏང་སྟེ་སྐྱབས་བཅོལ་བར་གྱུར། དེར་བརྟེན་འབྲུག་ཡུལ་གྱི་ལྷོ་མཚམས་པ་རྣམས་ཨ་རི་དང་ཁེ་ན་ཌ། ཨོ་གླིང་བཅས་ལ་སྐྱབས་བཅོལ་གཞིས་ཆགས་སུ་བསྐྱོད་དགོས་བྱུང་། ད་ལྟ་འབྲུག་ཡུལ་གྱི་བཙོན་ཁང་ཁག་ཏུ་ཡོད་པའི་བཙོན་པ་དེ་ཚོར་༡༩༩༢་ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ལྟར་ཁྲིམས་ཐག་བཅད་ཡོད་པས་སྲིད་དོན་བཙོན་པར་ངོས་འཛིན་བྱེད་ཆོག འབྲུག་ཡུལ་གྱི་ཁྲིམས་ལུགས་སུ་རྒྱལ་པོ་དང་རྒྱལ་ཁབ། མི་དམངས་བཅས་རྩ་བ་གསུམ་ལ་རྒྱབ་འགལ་དང་རྒྱབ་གཏོད་བྱ་ཐབས། ལྐོག་གཡོ་ངན་ཇུས་བཤམས་པའི་ནག་ཉེས་འཛུགས་ཀྱི་ཡོད་པ་རྣམས་སྲིད་དོན་བཙོན་པ་རེད་ཅེས་མཚན་ཉིད་བཞག་ཡོད་པའི་གནས་ཚུལ་ཐོན་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་༣༧་ངོས་འཛིན་ཐུབ་པ་དེ་དག་གི་གྲས་ཀྱི་བཙོན་པ་༢༤་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པས་གན་རྒྱ་བཞག་ནས་གློད་གྲོལ་ཐོབ་རྒྱུ་སྲིད་ཐབས་བྲལ། བཙོན་པ་གཞན་ཚོར་ལོ་༡༥་ནས་༤༣་བར་གྱི་ཁྲིམས་ཐག་བཅད། བཙོན་པ་ཟུར་པ་དང་བཙོན་ཁང་དུ་བཅུག་ཡོད་པའི་བཙོན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་འབྲུག་ཡུལ་གྱི་བཙོན་ཁང་ཁག་ཏུ་མི་ལ་མནར་གཅོད་དྲག་པོ་བཏང་སྟེ་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་འཇུག་གི་འདུག ང་ཚོར་ཁྲིམས་ཐོག་ནས་དག་འབུད་བྱེད་པ་དང་ཁྲིམས་རྩོད་པ་སོགས་ཀྱི་ཐོབ་ཐང་ཅི་ཡང་མི་སྤྲོད འབྲུག་པའི་བདེ་འཇགས་མི་སྣ་ཚོས་བཙོན་པ་ཚོར་ཡ་ང་སྙིང་རྗེ་མེད་པར་རྡུང་རྡེག་གཏོང་བར་མ་ཟད། ང་ཚོར་བྱ་ཐབས་ཅི་ཡང་མེད་པར་བདེ་འཇགས་མི་སྣ་ཚོས་ནག་ཉེས་ངོས་ལེན་བྱེད་དུ་བཅུག་པ་རྣམས་གཞི་རྩར་བཟུང་སྟེ་ཁྲིམས་ཁང་དུ་ཁྲིད་ནས་ཁྲིམས་བཤེར་བྱེད་ཀྱི་འདུག བཙོན་པ་གང་ཞིག་ལ་འཇིགས་སྐུལ་རིང་ལུགས་དང་རྒྱབ་གཏོད་ཀྱི་ནག་ཉེས་བཙུགས་ན་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་རྒྱུ་ཉག་ཅིག་རེད་ཅེས་བཀྲལ།།

བཙོན་པའི་བཟའ་མི་དང་ཉེ་ཚན་ཚོས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འབྲུག་གཞུང་གིས་བཙོན་པ་དེ་རྣམས་གང་དུ་བཅུག་ཡོད་མེད་དང་གནས་སྟངས་ཅི་ཡིན་ཡིག་ཐོག་ཏུ་མ་བཀོད་པར་ཁྱིམ་ཚང་མང་ཆེ་བས་རང་གི་མི་དེ་གང་དུ་བཅུག་ཡོད་མེད་དང་འཆི་གསོན་ཅི་ཡིན་རྩད་གཅོད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བསྟན། སྐབས་འགར་བཙོན་པ་ཟུར་པ་ཚོས་ཀྱང་རང་ལ་ནག་ཉེས་ཅི་ཞིག་ཕོག་སྟེ་ལོ་མང་གི་བཙོན་འཇུག་ཉེས་ཆད་ཁུར་བ་ཡིན་མིན་འགྲེལ་བཤད་རྒྱག་མི་ཤེས་ཤིང་། དྷམ་བྷར་སིང་པུ་ལ་མཱི་ཞེས་པ་ཞིག་༢༠༠༡་ལོར་བལ་ཡུལ་གྱི་སྐྱབས་བཅོལ་བའི་སྡོད་སྒར་ཞིག་ནས་འབྲུག་ཡུལ་དུ་ཕྱིར་ལོག་བྱས་ནས་ས་ཁང་ལ་ལྟ་ཞིབ་བྱས་པའི་སྐབས་སུ་འཛིན་བཟུང་ཐེབས། ཁོ་པར་ལོ་༤༣་གྱི་ཁྲིམས་ཐག་བཅད་ནས་བཙན་འཕྲོག་དང་བཙན་ཁྲིད། མི་གསོད་དང་གྱེན་ལོག་གི་ནག་ཉེས་བཙུགས། ཁོ་པའི་ལུས་ཟུངས་ཤོར་ཏེ་ནད་མནར་དུ་གྱུར་ནས་༢༠༢༢་ལོའི་ཕྱི་ཟླ་༥་པའི་ནང་སྨན་ཁང་དུ་ཚུད། དེ་བཞིན་ལྷོ་མཚམས་པ་༡༥་བྱིས་པའི་དུས་ནས་ཕ་མའི་མཉམ་དུ་བལ་ཡུལ་དུ་བྲོས། ཕྱིས་སུ་ཁོ་ཚོ་འབྲུག་ཡུལ་དུ་ཕྱིར་ལོག་བྱས་པར་འབྲུག་གཞུང་གིས་མི་དེ་ཚོས་དྲག་པོའི་གྱེན་ལོག་བྱ་རྒྱུའི་དམིགས་ཡུལ་བཅངས་འདུག་ཅེས་ནག་ཉེས་བཙུགས་ཏེ་༢༠༠༨་ནས་བཙོན་དུ་བཅུག་པའི་གནས་ཚུལ་ཐོན།།

འབྲུག་ཡུལ་གྱི་ལས་འགུལ་བ་ཚོས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་༢༠༠༨་ནས་འབྲུག་ཡུལ་གྱི་ཁྲིམས་ལུགས་ལེགས་བཅོས་བྱ་རྒྱུའི་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཆེན་པོ་ཞིག་ཐོན་དཀའ། དཔེར་ན་འབྲུག་ཡུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཁག་མེད་པ་དང་སྤྱི་ཚོགས་སུ་སྲིད་དོན་བཙོན་པའི་གནས་སྟངས་གླེང་སློང་འབྱུང་དཀོན། ༡༩༩༤་ནས་༢༠༡༢་བར་དུ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་སྐུ་ཚབ་རྣམས་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུ་འབྲུག་ཡུལ་གྱི་བཙོན་ཁང་ཁག་གི་གནས་སྟངས་ཡག་ཏུ་ཕྱིན་སོང་། ཡིན་ནའང་ཉེ་བའི་ལོ་ཤས་ཤིག་ནས་བཙོན་ཁང་གི་གནས་སྟངས་སླར་ཡང་སྡུག་ཏུ་ཕྱིན་པ་དང་བཙོན་པར་ཟས་གོས་འདང་ངེས་མི་འདུག་ཟེར། ༢༠༢༢་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྲིད་དོན་བཙོན་པ་རྣམས་ཀྱི་གནས་སྟངས་རྩད་ཞིབ་བྱས་ཀྱང་འབྲུག་གཞུང་གིས་དེ་ལ་ལན་འདེབས་མ་བྱུང་། འབྲུག་པས་བདེ་འཇགས་མི་སྣ་ཚོས་བཙོན་པར་རྡུང་རྡེག་བཏང་སྟེ་རྨས་སྐྱོན་ཕོག་པའི་རྗེས་སུ་སྨན་བཅོས་མ་བྱས་པར་ནད་པར་གྱུར་ཏེ་མི་གཉིས་ལ་སྲོག་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG