ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་ཡུལ་དུ་འགྲུལ་པ་འགུགས་པར་སྒོ་ཁྲལ་བཅག་སྟེ་གསེར་བཙོང་རྒྱུ། 


༄༅།། འབྲུག་ཡུལ་གྱི་ཡར་རྒྱས་རྒྱུན་འཁྱོངས་འགྲུལ་ཁྲལ་ཏེ། ཉི་མ་རེར་མི་རེས་ཨ་སྒོར་༢༠༠་ནས་༢༥༠་རེ་འགྲུལ་ཁྲལ་སྤྲོད་ཐུབ་པ་དང་ཉུང་མཐར་ཡང་འབྲུག་ཡུལ་གྱི་འགྲུལ་སྐོར་སྤྲོ་འཆམ་ལྷན་ཁང་གིས་ངེས་གཏན་བྱས་པའི་མགྲོན་ཁང་ཞིག་ཏུ་ཞག་གཅིག་བསྡད་ན་སྒོ་ཁྲལ་ཆག་ཡང་ཐོག་ཏུ་གསེར་ཉོ་ཆོག་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ལྡི་ལི་གསར་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡར་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་སྤྲོད་ཐུབ་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་རྒྱལ་ས་ཐིམ་ཕུ་དང་ཕུན་ཚོགས་གླིང་དུ་སྒོ་ཁྲལ་འཇལ་མི་དགོས་པར་གསེར་ཉོ་ཆོག འདི་ནི་འབྲུག་གི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་དང་འབྲུག་ཡུལ་གྱི་སྒོ་ཁྲལ་ཆག་ཡང་ལྷན་ཁང་གཉིས་ཟུང་འབྲེལ་གྱིས་རྒྱལ་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་ལོ་གསར་པའི་དགའ་སྟོན་རྟེན་འབྲེལ་ཉིས་འཛོམས་སྐབས་སུ་ཐག་གཅོད་བྱས་པ་ཞིག་རེད། འབྲུག་ཡུལ་ལ་ལྟ་སྐོར་དུ་ཡོང་མཁན་མང་ཆེ་བ་ནི་རྒྱ་གར་བ་ཡིན་པ་དང་རྒྱ་གར་བ་རྣམས་གསེར་གྱི་རྒྱན་ཆ་སོགས་ལ་ཧ་ཅང་དགའ་མོས་ཡོད་པས་རྒྱ་གར་བ་ཚོར་འབྲུག་ཡུལ་དུ་གསེར་ཉོ་ཆོག་པའི་ཁེ་ཕན་མང་ཤོས་འཐོབ་པར་འགྱུར། ཕྱི་ཟླ་༣་པའི་ཚེས་༡་ནས་འབྲུག་གཞུང་གིས་ཡར་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་སྤྲོད་ཐུབ་མཁན་ཚོར་གསེར་བཙོང་རྒྱུ་འགོ་འཛུགས་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ལྡི་ལི་གསར་པའི་བརྙན་འཕྲིན་ཁང་གིས་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་མི་དབང་རྒྱལ་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་ལོ་གསར་པའི་བཀྲ་ཤིས་རྟེན་འབྲེལ་གྱི་དགའ་སྟོན་ལ་བསྟུན་ནས་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་དང་སྒོ་ཁྲལ་ཆག་ཡང་ལྷན་ཁང་གཉིས་ཀྱིས་ཡར་རྒྱས་རྒྱུན་འཁྱོངས་འགྲུལ་ཁྲལ་སྤྲོད་ཐུབ་མཁན་ཚོར་གསེར་ངེས་ཅན་རེད་བཙོང་རྒྱུའི་ཐག་བཅད་རེད། འབྲུག་ཡུལ་གྱི་སྒོ་ཁྲལ་ཆག་ཡང་ལྷན་ཁང་གི་ཚོང་ཁང་ཁག་ཏུ་གསེར་བཙོང་རྒྱུ་ཡིན་པ་དང་ཚོང་ཁང་དེ་དག་གི་ནང་དུ་ཅ་ལག་རིན་གོང་ཆེན་པོ་གཞན་རྣམས་ཀྱང་འཚོང་གི་ཡོད་ཅིང་། ཚོང་ཁང་དེ་རྣམས་འབྲུག་ཡུལ་གྱི་ནོར་སྲིད་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས། འབྲུག་ཡུལ་གྱི་སྒོ་ཁྲལ་ཆག་ཡང་ཚོང་ཁང་ཁག་གིས་གསེར་བཙོང་འཆར་ཡོད་པ་ནི་ཁེ་སྤོགས་ལེན་རྒྱུའི་ཆེད་དུ་མིན་པར་འབྲུག་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འགུགས་ཐབས་ཤིག་རེད་ཅེས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་འདུག ༢༠༢༣་ལོའི་ཕྱི་ཟླ་༢་པའི་ཚེས་༢༧་ཉིན་སྲང་འབྲུ་༢༤་ཅན་གྱི་གསེར་གྷ་རམ་བཅུ་ལ་རྒྱ་གར་གྱི་ཧིན་སྒོར་༥༡༤༠༠་དང་འབྲུག་པའི་དངུལ་ཊམ་༤༠༢༨༦་ཡིན་འདུག རྒྱ་གར་གྱི་ཧིན་སྒོར་དང་འབྲུག་གི་དངུལ་ཊམ་གྱི་འཛའ་ཐང་ཧ་ལམ་གཅིག་པ་ལྟ་བུ་ཞིག་ཡིན་པས་རྒྱ་གར་བ་ཚོས་ཧིན་སྒོར་༤༠༢༨༦་ཡས་མས་རེ་སྤྲད་ནས་སྲང་འབྲུ་༢༤་ཅན་གྱི་གསེར་གྷ་རམ་བཅུ་རེ་ཉོ་ཐུབ་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཉིན་ལྟར་ཧིན་སྒོར་༡༢༠༠་རེ་ཡར་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་སྤྲོད་དགོས་པ་དང་༢༠༢༢་ལོར་འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་འགྲུལ་ཁྲལ་བསྡུ་རྒྱུའི་བཅའ་ཁྲིམས་གཏན་ལ་ཕབ། སྔོན་ཆད་རྒྱ་གར་དང་བངྒ་ལ། མལ་ཌིབ་བཅས་ཀྱི་སྤྱི་དམངས་རྣམས་འབྲུག་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་ལ་བསླེབས་ཀྱང་འགྲུལ་ཁྲལ་སྤྲོད་མི་དགོས་མོད། འོན་ཀྱང་ན་ནིང་ཕྱི་ཟླ་༩་པའི་ཚེས་༢༣་ཉིན་འབྲུག་ཡུལ་གྱིས་ཏོག་དབྱིབས་ནད་ཡམས་རྗེས་སུ་ཕྱི་ལ་སྒོ་མོ་ཕྱེ་ནས་འགྲུལ་ཁྲལ་བསྡུ་རྒྱུ་མགོ་བརྩམས། རྒྱ་གར་བ་མ་པ་ཚོས་ཉིན་ལྟར་ཨ་སྒོར་༢༠༠་ནས་༢༥༠་ཐམ་པའི་འགྲུལ་ཁྲལ་སྤྲོད་དགོས། རྒྱ་གར་དབུས་གཞུང་གི་དཔྱ་ཁྲལ་དང་སྒོ་ཁྲལ་ལྷན་ཁང་གི་སྒྲིག་གཞི་ལྟར་རྒྱ་གར་བ་སྐྱེས་པ་རེས་ཧིན་སྒོར་ཁྲི་ཚོ་ལྔའི་རིན་འབབ་ཀྱི་གསེར་དང་རྒྱ་གར་བ་བུད་མེད་རེས་ཧིན་སྒོར་འབུམ་རེའི་གསེར་ཉོས་ཏེ་སྒོ་ཁྲལ་རྒྱག་མ་དགོས་པར་འབྲུག་ཡུལ་ནས་འཁྱེར་ཡོང་ཆོག་པའི་ཐག་གཅོད་བྱས་འདུག དེང་སྐབས་འཛམ་གླིང་ཡོངས་སུ་གསེར་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་ནི་རྒྱ་ནག་དང་ཨང་གཉིས་པ་རྒྱ་གར་ཡིན་ཞིང་། རྒྱ་གར་གྱི་གསེར་དང་བསྡུར་ན་ཕྱི་རྒྱལ་གྱི་གསེར་རྣམས་སྤུད་དག་དང་རིན་གོང་ཆུང་བས་རྒྱ་གར་བ་ཚོས་གསེར་ཉོས་ནས་ཁྱེར་ཡོང་བ་དང་ཕྱིས་སུ་གསེར་གོང་འཕར་བའི་དུས་དེར་ཚོང་སྒྱུར་བྱེད་པའི་ལམ་སྲོལ་ཞིག་དར།།

རྒྱ་གར་གྱི་འཕྲིན་སྐུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་ཤིག་ནས་རྒྱ་གར་ལ་གསེར་འཁྱེར་ཡོང་གི་ཡོད་པར་རྒྱ་གར་གཞུང་གིས་སྒོ་ཁྲལ་ཆེན་པོ་བརྒྱབ། རྒྱ་གར་ལ་གསེར་འཁྱེར་ཡོང་ཆོག་མིན་གྱི་སྒྲིག་གཞི་དམ་པོ་ཡོད་པ་བཅས་ཀྱིས་མི་ཚོས་གསེར་འཁྱེར་ཡོང་རྒྱུར་དཀའ་ངལ་ཆེན་པོ་འཕྲད། ད་ལྟ་རྒྱ་གར་གྱི་ཁྲོམ་རའི་ནང་དུ་སྲང་འབྲུ་༢༤་ཅན་གྱི་གསེར་གྷ་རམ་བཅུ་ལ་ཧིན་སྒོར་༥༠༠༠༠་ལྷག་དང་སྲང་འབྲུ་༢༢་ཅན་གྱི་གསེར་གྷ་རམ་བཅུ་ལ་ཧིན་སྒོར་༤༧༠༠༠་ཙམ་ཡིན་མོད། འོན་ཀྱང་ཉེ་ཆར་རྒྱ་གར་གྱི་ཁྲོམ་རའི་ནང་དུ་གསེར་གོང་ཧིན་སྒོར་༣༣༠་འཕར་ཡོད་པས་ཕྱི་རྒྱལ་ནས་རྒྱ་གར་ལ་མ་ཡོང་གོང་དུ་མི་རེས་གསེར་ཅི་ཙམ་འཁྱེར་ཆོག་མིན་དང་རྒྱ་གར་གྱི་ཁྲོམ་རའི་ནང་གི་གསེར་གོང་སོགས་སྔོན་ནས་ཤེས་ན་ལེགས། མི་གང་ཞིག་གི་གཏན་འཇགས་གནས་ཡུལ་གང་དུ་ཡོད་མེད་དང་མི་དེ་ཕྱི་རྒྱལ་དུ་དུས་ཡུན་ཅི་ཙམ་བསྡད་ཡོད་མེད་བཅས་ཀྱིས་མི་དེས་རྒྱ་གར་ལ་གསེར་མང་ཉུང་ཅི་ཙམ་འཁྱེར་ཡོང་ཆོག་མིན་ཐག་གཅོད་ཀྱི་རེད། རྒྱ་གར་ལ་གསེར་འཁྱེར་ཡོང་རྒྱུ་སྟབས་བདེ་ཡིན་རུང་ཕ་ལམ་སོགས་རིན་ཆེན་ནོར་བུ་གཞན་རྣམས་ནང་འདྲེན་བྱ་དགོས། ༢༠༢༡་ནས་༢༠༢༢་བར་དུ་རྒྱ་གར་ལ་ཕམ་ལམ་སོགས་རིན་ཆེན་ནོར་བུའི་རིགས་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༥༠་མང་དུ་སོང་སྟེ་ཨ་སྒོར་དུང་ཕྱུར་༣༩༠་ཐམ་པའི་རིན་འབབ་ཀྱི་རིན་ཆེན་ནོར་བུའི་རིགས་ནང་འདྲེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༢༧་ཉིན་འཛམ་གླིང་སྐོར་སྐྱོད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་འགུགས་ཐབས་སུ་ཡར་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་སྤྲོད་ཐུབ་པ་ཚོར་སྒོ་ཁྲལ་བཅག་ནས་གསེར་འཚོང་གི་ཡོད་པར་མ་ཟད། འབྲུག་ཡུལ་གྱི་ནུབ་མཐའི་ཧ་ནས་འབྲུག་ཡུལ་གྱི་ཤར་མཐའི་བཀྲ་ཤིས་སྒང་བར་དུ་འགྲུལ་ལམ་གསར་གཏོད། སྤྱི་ལེ་༤༠༣༣་ཡོད་པའི་འགྲུལ་ལམ་དེ་འབྲུག་ཡུལ་གྱི་རྫོང་ཁག་༩་དང་གྲོང་གསེབ་༢༧་བརྒྱུད་དགོས་པས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ལྟད་མོ་དང་ས་གནས་མི་མང་ལ་ཚོང་ལས་ཀྱི་ཡོང་འབབ། ༡༩༦༢་ལོར་འབྲུག་ཡུལ་གྱི་རྒྱལ་ཡོངས་གཞུང་ལམ་འཛུགས་སྐྲུན་བྱས་ནས་བཟུང་། འབྲུག་ཡུལ་གྱི་འགྲུལ་ལམ་རྙིང་པ་དེར་འགྲིམ་འགྲུལ་མཚམས་ཆད་ནས་བདག་སྐྱོང་མ་ཐུབ། དེར་བརྟེན་འགྲུལ་ལམ་སྟེང་གི་ཟམ་པ་རྣམས་བརྡིབས། རྡོ་སྐས་དང་རྐང་ལམ་རྣམས་ཞིག་སྟེ་ལོ་མང་ལུས། ལོ་༦༠་ཐམ་པའི་རྗེས་སུ་འབྲུག་རྒྱལ་པོའི་ཐུགས་ཁུར་འོག་རྒྱལ་ཡོངས་འགྲུལ་ལམ་སླར་གསོ་བྱུང་། འབྲུག་ཡུལ་གྱི་འགྲུལ་ལམ་དེ་དུས་རབས་༡༦་པ་ནས་དབང་འཛིན་པ་རྣམས་དང་གྲྭ་བཙུན། འགྲུལ་པ་དང་ཚོང་པ། ཨ་དྲུང་སོགས་ཀྱི་བཞུད་ལམ་གཙོ་བོར་གྱུར། འབྲུག་ཡུལ་གྱི་འགྲུལ་ལམ་དུ་ཁེལ་བའི་གྲོང་གསེབ་པ་ཚོས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྲོལ་རྒྱུན་གྱི་གུང་ཟས་འདྲེན་པ་དང་ཤིང་ཟོན་ནང་དུ་རྡོ་བསྲེགས་བླུགས་ནས་ཆུ་ཚན་གྱིས་ལུས་པོ་བཀྲུ་བའི་མཐུན་རྐྱེན་སྦྱོར་བ། འབྲུག་པའི་རིག་གཞུང་དང་ལག་ཤེས། མི་དམངས་ཀྱི་འཚོ་བའི་གོམས་སྲོལ་སོགས་མཚམས་སྦྱོར། བཟང་མོ་ཞེས་པའི་གནས་མོ་ཞིག་གིས་ངས་༢༠༡༨་ལོ་ནས་མགྲོན་བསུའི་ཚོང་ལས་གཉེར་རྒྱུའི་བསམ་བློ་བཏང་བ་ཡིན། ཡིན་ནའང་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་ནས་ད་ལྟའི་བར་དུ་ཚོང་ལས་འདི་གཉེར་མ་ཐུབ་པ་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG