ལ་ཁྲི་ཝེ་ཨ་དང་ལེ་ཐོ་ནེ་ཨ་སོགས་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་མིའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ནས་ཉིན་གཉིས་ཀྱི་རིང་ཁོང་རྣམ་པ་དང་ལྷན་དུ་ཡ་རབས་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་དྲྭ་ལམ་བརྒྱུད་གསུང་བཤད་གནང་བཞིན་ཡོད་པ་དང་། དེ་རིང་ལ་ཁྲི་ཝེ་ཨ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། སྐུ་ཞབས་ཇེ་ནེ་སི་མར་ཋིན་སི་ཁུའུ་ཇ་ལགས་ཀྱིས་དྲ་ཐོག་གི་བགྲོ་གླེང་འདི་ངོ་སྤྲོད་གནང་སྐབས། དུས་རབས་འདིའི་ནང་ཆབ་སྲིད་པ་གཙོ་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འདོད་རྔམ་ཆེན་པོའི་དབང་དུ་འགྱུར་བཞིན་ཡོད་པ་དང་། ནང་པ་སངས་རྒྱས་པ་དང་ཡེ་ཤུའི་ཆོས་ལྟ་བུའི་ལོ་རབས་མང་པོའི་རིང་ལ་ཡོད་པའི་ལྟ་གྲུབ་དག་གི་དགོངས་པ་རྣམས་ཉམས་བརླག་ཏུ་འགྲོ་བཞིན་པའི་རྣམ་པར་གཟིགས་ནས་ཐེངས་འདིར་ཡ་རབས་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་འདི་གོ་སྒྲིག་གནང་བཞིན་ཡོད་སྐོར་གསུང་སོང་།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ད་ལྟའི་འཛམ་གླིང་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དག་གིས་དུས་རབས་སྔོན་མ་དག་གི་ནང་དྲག་པོས་ཕན་ཚུན་བར་འཁོན་འཛིན་ཁོ་ནའི་ཐོག་འཚོ་ཐབས་བྱས་པ་དེས་ཕན་ཐོགས་མེད་པ་ཤེས་ཡོད་པ་མ་ཟད། འགྲོ་བ་མི་རང་བཞིན་ལྷན་སྐྱེས་ནས་བྱམས་བརྩེ་ལྡན་པ་ཡིན་པ་དང་། ད་ལྟའི་དུས་ཀྱི་འགྱུར་འགྲོས་ལ་གཞིགས་ནས་སེམས་ཅན་ཐམས་ཅད་གཅིག་ལ་གཅིག་བརྟེན་ཡིན་པ་བཅས་པ་ཚང་མ་དཔེ་དྲངས་ནས་ངོ་སྤྲོད་གནང་རྗེས། ཡ་རབས་དང་བཟང་སྤྱོད་ཅེས་པ་དེ་ཡང་། ཆོས་ལ་མ་སྦྱར་བའི་ཐོག་ནས་བཤད་ནའང་། འཛམ་གླིང་འདིའི་ནང་གི་འགྲོ་བ་མི་སྤུན་གྲོགས་རྣམས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། མཛའ་བརྩེ་གོང་འཕེལ་གྱིས་མཉམ་གནས་ཐུབ་རྒྱུ་དེ་ཡིན་སྟབས། དེའི་ཐོག་བདེ་སྐྱིད་དང་། སྙིང་རྗེ། བྱམས་པ་བཅས་པ་གོང་འཕེལ་གཏོང་རྒྱུ་གཙོ་བོ་ཡིན་སྐོར་བཀའ་གནང་སོང་།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྔ་མོ་འཛམ་གླིང་ནང་དམག་ཆེན་གཉིས་ཀྱི་ཁྲོད་རྒྱལ་ཁབ་ཆེ་བ་ཚོས་ཆུང་བ་ཚོར་དབང་ཡོད་བྱས་ནས་བེད་སྤྱོད་ལོག་པ་བྱས་ཡོད་པའི་ལོ་རྒྱུས་རྣམས་ཀྱང་སྙིང་བསྡུས་ཀྱི་སྒོ་ནས་ངོ་སྤྲོད་གནང་རྗེས། ད་ལྟའི་དུས་སྐབས་སུ་དམག་འཁྲུག་རྒྱག་རྒྱུ་ནི་དུས་དང་མ་འཚམས་པ་ཞིག་ལ་འགྱུར་ཟིན་ཡོད་སྟབས། ཞི་བདེ་ལྡན་པའི་འཛམ་གླིང་ཅིག་ཡོང་བར།ལ་ཁྲི་ཝེ་ཨ་དང་ལེ་ཐོ་ནེ་ཨ། ཨེ་སི་ཁྲོ་ནིས་ཡ་ལྟ་བུའི་རྒྱལ་ཁབ་ཆུང་ངུ་དག་ལ་དམིགས་བསལ་གྱི་ནུས་པ་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་ཡང་བཀའ་སྩལ་གནང་སོང་།
དེ་རིང་གི་བགྲོ་གླེང་སྟེང་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་དང་། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནང་ཕྱག་ལས་གནང་མཁན་བཅས་ཀྱི་མི་སྣ་ཁག་ཅིག་ཀྱང་ཕེབས་འདུག་པས། ཁོང་རྣམ་པས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས། དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་ཁྲོད་འགན་ཁུར་བཞེས་ཕྱོགས་དང་། དེ་བཞིན་ད་ལྟའི་དུས་སྐབས་སུ་དྲ་ཐོག་ཏུ་སྨྲ་བརྗོད་རང་དབང་བཀག་འགོག་བྱེད་སྐབས་དྲང་བདེན་ལ་རྩོད་ལེན་ཞུ་ཕྱོགས། དེ་བཞིན་ནད་ཡམས་དང་འབྲེལ་ནས་བསླབ་བྱ་གང་ལེན་དགོས་པ་སོགས་ཀྱི་ཐད་ལམ་སྟོན་གནང་རྒྱུའི་རེ་བ་ཞུས་པར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ཐུགས་མྱོང་བརྒྱུད་ད་ལྟའི་དུས་སྐབས་སུ་སྤྱི་ཚོགས་དེ་དབང་ཆའི་དབང་སྒྱུར་ལས་དམངས་གཙོ་ལྟ་བུའི་མི་དམངས་ཀྱི་མངོན་འདོད་དང་མཐུན་པའི་དབང་སྒྱུར་གྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པའི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མངོན་གྱི་ཡོད་པའི་སྐོར་དང། ད་དུང་ཡར་རྒྱས་ཡོང་ཐབས་སུ་འཛམ་གླིང་སྟེང་དམངས་གཙོ་རིང་ལུགས་ཀྱི་ལྷན་དུ་སྤྱི་ཚོགས་རིང་ལུགས་ཀྱི་མི་དམངས་དཀྱུས་མའི་བདེ་དོན་ལ་ཐུགས་སྣང་གནང་མཁན་བྱུང་ཐུབ་པ་ཡིན་ན། ད་ལྟའི་འཛམ་གླིང་ནང་གི་དབུལ་ཕྱུག་བར་གྱི་ཁྱད་པར་དང་བཅས་པའི་དཀའ་ངལ་དག་སེལ་ཐུབ་པའི་རེ་བ་གཟིགས་ཀྱི་ཡོད་སྐོར་གསུང་ལ། སྔོན་མ་དང་བསྡུར་ན་མི་དམངས་ཁྲོད་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་ཡག་རུ་ཕྱིན་ཡོད་པ་དང་། ང་ཚོས་ཤེས་ཡོན་སློབ་གསོའི་ནང་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཤེས་བྱ་གོང་ཕེལ་ཐུབ་པ་བྱུང་ན། མིའི་བསམ་བློ་དང་སེམས་ཁམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་ཐབས་ལམ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་ནན་བརྗོད་གནང་སོང་། གཞན་ཡང་དེ་རིང་བཀའ་འདྲི་ཞུ་མཁན་གྱི་ཁྲོད་དུ། ལེ་ཐོ་ནེ་ཨ་རྒྱལ་ཁབ་ཀྱི་ཡེ་ཤུའི་ཆོས་གྲོགས་ཤིག་འདུག་པས། ཁོང་གིས་དུས་རབས༢༡ ནང་སྔ་མོའི་ཡི་ཤུ་དང་ནང་པ་ལྟ་བུར་དུས་དང་མཐུན་པའི་འགྱུར་བ་གང་དགོས་སྐོར་བཀའ་དྲི་ཞུས་སྐབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པ་སངས་རྒྱས་པའི་ཆོས་དེ་དཔེ་རུ་དྲངས་ནས། ལམ་ལུགས་སྲོལ་རྙིང་པ་མང་པོ་ཞིག་དུས་དང་མཐུན་པ་མིན་སྟབས་དེ་དག་ལ་འགྱུར་བ་གཏོང་དགོས་པ་དང་། གཙོ་བོ་ཆོས་དེ་དག་གི་སློབ་གསོ་བྱམས་པ་དང་སྙིང་རྗེ་བཅས་པ་དག་མུ་མཐུད་ནས་གནས་དགོས་པ་མ་ཟད། དུས་ད་ལྟའང་འབྲེལ་བ་ཡོད་པ་ཡིན་སྟབས། ཆོས་ཀྱི་སློབ་གསོ་དེ་དག་གོང་འཕེལ་དུ་ཡོང་བར་ཚན་རིག་དང་དེ་བཞིན་རྒྱུ་མཚན་དང་མཐུན་པ་དགོས་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་སྐོར་ཡང་བཀའ་གནང་སོང་ལ། གཞན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཁོང་རྣམ་པའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་ལྟའི་དུས་སྐབས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་དམངས་ཀྱིས་འོས་འདེམས་ལས་བྱུང་བའིི་དབུ་ཁྲིད་ལ་གནང་ཟིན་ཡོད་པ་དེ་དང་། མགོན་པོ་གང་ཉིད་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པའི་ལས་དོན་ཐད་ཐུགས་འགན་གཙོ་བོ་བཞེས་བཞིན་ཡོད་པ་དག་གི་ཐད་ཀྱང་ཞིབ་ཕྲ་ངོ་སྤྲོད་གནང་སོང་།