ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་འདིར་བོད་པ་བཙན་བྱོལ་བ་༢༩་ལ་གནད་དུག་འགོས་པ། 


༄༅།། ཕྱི་ཟླ་བཞི་པའི་ཚེས་༡་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་བསྐོངས། འདས་པའི་བདུན་ཕྲག་གསུམ་གྱི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ་གྱི་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་བདུན་ཕྲག་འདིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༩་བྱུང་འདུག་ཅེས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་ངོ་སྤྲོད་གནང་སོང་། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཕར་བྱམས་པ་ཕུན་ཚོགས་ཀྱིས་ཀྱང་ཏོག་དབྱིབས་ནད་དུག་འདི་འཛམ་གླིང་གི་རྒྱལ་ཁབ་༢༠༠་ལྷག་ལ་ཁྱབ་བརྡལ་ཕྱིན་ཏེ་དཀའ་ངལ་ཆེན་པོ་ཞིག་བཟོས་འདུག ད་ལྟ་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འགྲོ་བཞིན་ཡོད་པས་སྔར་ལས་ལྷག་པའི་གནོད་འཚེ་འཕོག་ཉེན་ཡོད་པར་མང་ཚོགས་ཀྱིས་སྣང་མེད་གཏོང་མི་ཉན་ཞེས་ལམ་སྟོན་གནང་སོང་།།

ཏོག་དབྱིབས་ནད་དུག་འགོག་ཐབས་གཙོ་བོ་ཞིག་ནི་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་ཤིང་། དེ་རིང་ནས་རྒྱ་གར་རྒྱལ་ཡོངས་སུ་ལོ་ན་༤༥་ཡན་ཆད་ཀྱི་མི་ཚང་མར་སྨན་ཁབ་རྒྱག་འགོ་ཚུགས། རྒྱ་གར་གཞུང་གི་སྨན་ཁང་མིན་པའི་སྒེར་གྱི་སྨན་ཁང་ཁག་ཏུའང་འགོག་ཁབ་རྒྱག་འདོད་ཡོད་མཁན་ཚོར་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་ཡོན་ཆག་ཡང་གི་མཐུན་རྐྱེན་སྤྱོར་བཞིན་འདུག བཞུགས་སྒར་རྡ་རམ་ས་ལར་བདེ་ལེགས་སྨན་ཁང་དུ་སྨན་ཁབ་རྒྱག་གི་ཡོད་པས་དམིགས་བསལ་གྱི་མཐུན་རྐྱེན་ཅི་ཞིག་སྤྱོར་གྱི་ཡོད་མེད་བཅས་ལ་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ངོ་སྤྲོད་གནང་སོང་། ཁོང་གིས་ད་ལྟའི་གནས་སྐབས་སུ་སྨན་ཐུན་དང་པོ་དང་སྨན་ཐུན་གཉིས་པའི་སྨན་ཁབ་གཉིས་སྔ་རྗེས་སུ་རྒྱག་དགོས། དེས་ན་དུས་ཚོད་དེ་སོ་སོས་བཀོད་སྒྲིག་ཐུབ་བྱེད་པའི་མཐུན་རྐྱེན་སྦྱར་ཡོད་པར་མ་ཟད། སྨན་ཁབ་གཉིས་པོ་བཟོ་གྲྭ་གཅིག་གི་སྨན་ཁབ་ཡིན་དགོས་པ་ཚང་མས་ཡིད་འཇགས་བྱ་དགོས། སྨན་ཁབ་བརྒྱབ་པའི་རྗེས་སུའང་སྔོན་འགོག་གི་ཐབས་ལམ་ཁག་ངེས་པར་དུ་བསྟེན་དགོས་ཞེས་ནན་བརྗོད་གནང་སོང་།།

འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དེར་བཞུགས་སྒར་རྡ་རམ་ས་ལར་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་ཚོགས་ཡོད་པས་ཕྱོགས་མཐར་ཕེབས་མཁན་སྤྱི་འཐུས་རྣམས་རང་གནས་སུ་མ་ཕེབས་སྔོན་ལ་རེས་གཟའ་ཟླ་བའི་ཉིན་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་ཅིང་། སྤྱི་འཐུས་གཅིག་ལ་ནད་རྟགས་མེད་ཀྱང་ནད་དུག་འགོས་ཡོད་པ་ངས་གཏན་བྱུང་འདུག ད་ལྟའི་གནས་སྐབས་སུ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་དང་ཁོང་ཚོར་འབྲེལ་བ་བྱུང་བ་རྣམས་རང་ཁྱིམ་དུ་ལོགས་སུ་ཟུར་འགོག་བྱས་ནས་བཞུགས་དགོས་པའི་བཀོད་ཁྱབ་བཏང་འདུག ཕྱི་ཚེས་༥་ཉིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པ་དང་སྤྱི་འཐུས་ཚོར་འབྲེལ་བ་བྱུང་བའི་གང་ཟག དེ་བཞིན་སྤྱི་འཐུས་ཡོངས་རྫོགས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG