ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་པ་ཚོར་རྒྱ་གར་ལ་འཐབ་རྒོལ་བྱེད་དུ་བཅུག་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འདས་པའི་ཟླ་གཉིས་ཡས་མས་ཤིག་ལ་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་འཁྲུག་འཛིང་འབྱུང་གི་ཡོད་པའི་གནས་ཚུལ་གསར་པ་དང་དཔྱད་རྩོམ་གྱི་རིགས་རྣམས་ཉིན་ལྟར་ཐོན་དང་འཐོན་བཞིན་ཡོད་ཅིང་། བོད་དང་རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་པ་ཁེ་ལོ་ཌི་ཨར་ཕིས་ཕྱི་ཟླ་༧་པའི་ཚེས་༢་ཉིན་དཔྱད་བརྗོད་ཅིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་དམག་མི་ཁག་ཅིག་བཏང་ནས་རྒྱ་གར་གྱི་དམག་ལ་འཐབ་རྒོལ་བྱེད་དུ་བཅུག་ཀྱང་བོད་པ་ཚོར་སེམས་གཏིང་ནས་རྒྱ་གར་ལ་འཐབ་རྒོལ་བྱ་དགོས་སྙམ་པའི་ཀུན་སློང་ཡོད་པ་མ་རེད་ཅེས་བཀོད།།

ཨར་ཕིའི་དཔྱད་བརྗོད་ནང་དུ་དེང་སྐབས་བོད་ཀྱི་ས་གནས་གང་སར་ལས་ཀའི་གོ་སྐབས་དེ་ཙམ་མེད་པ་དང་གླ་ཕོགས་སོགས་ལ་བརྟེན་ནས་བོད་པ་ན་གཞོན་ཚོ་རྒྱ་ནག་གི་དམག་ཁོངས་སུ་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་རྒྱ་ནག་གི་དམག་ཁོངས་སུ་ཞུགས་མཁན་བོད་པ་ན་གཞོན་བརྒྱ་ཆ་༡༠་ཙམ་འདུག ལྷག་པར་དུ་ཉེ་ཆར་ས་མཚམས་སུ་གདོང་ཐུག་བྱུང་བའི་སྐབས་སུ་རྒྱ་ནག་གིས་བོད་པ་དམག་མི་ཁ་ཤས་བཏང་འདུག བོད་པ་དེ་ཚོར་རྒྱ་གར་ལ་འཐབ་རྒོལ་བྱ་དགོས་བསམས་པའི་ཀུན་སློང་དང་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་བོད་པ་བེད་སྤྱོད་བཏང་པ་ཞིག་དང་བོད་པ་རྣམས་རྒྱ་དམག་གི་རྒྱབ་རྩར་ལངས་ཡོད་པ་སྟོན་ཐབས་ཤིག་རེད་ཅེས་བཤད།།

ད་དུང་གནད་དོན་དབྱེ་ཞིབ་པ་ཨར་ཕིས་མ་འོངས་པར་བོད་ནང་གི་བོད་པ་གཞོན་སྐྱེས་ཚོ་རྒྱ་ནག་གི་དམག་ཁོངས་སུ་ཞུགས་མཁན་ཇེ་མང་དུ་འགྲོ་ཉེན་ཡོད་པར་མ་ཟད། ད་ཐེངས་དང་འདྲ་བར་ཕྱིན་ཆད་ཀྱང་རྒྱ་ནག་གིས་བོད་པ་དམག་མི་དེ་རྣམས་དམག་སར་བཏང་སྟེ་རྒྱ་གར་ལ་འཐབ་རྒོལ་བྱེད་དུ་འཇུག་རྒྱུའི་ཉེན་ཀ་ཡོད་པས་རྡ་རམ་ས་ལ་དང་བོད་པ་བཙན་བྱོལ་བ་ཚོས་དོ་སྣང་ཆེ་བཞེས་ཀྱིས་རང་གི་སྤུད་མཆེད་དེ་ཚོར་བརྡ་ལེན་ཞིག་ངེས་པར་དུ་འཕྲོད་རྒྱུ་གལ་གནད་ཆེན་པོ་རེད་ཅེས་བཀོད། ཁོང་གིས་བོད་དང་རྒྱ་གར་གཉིས་ལ་ལོ་རྒྱུས་དང་སྤྱི་ཚོགས་དཔལ་ཡོན། ཆོས་ཕྱོགས་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་ཆེན་པོ་ཞིག་ཡོད། གལ་ཏེ་སང་ཉིན་རྒྱ་གཞུང་གི་བེད་སྤྱོད་འོག་བོད་པ་དང་རྒྱ་གར་གྱི་དམག་མི་རྣམས་འཐབ་རྒོལ་བྱུང་ན་གནས་ཚུལ་ཡག་པོ་ཞིག་གཏན་ནས་འབྱུང་མི་སྲིད་པས་གནས་ཚུལ་འདིའི་རིགས་ལ་སྔོན་འགོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

༢༠༢༠་ལོའི་ཕྱི་ཟླ་༥་པའི་མགོ་སྟོད་ནས་རྒྱ་ནག་གི་དམག་མི་རྣམས་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དང་སྤང་ཀོང་མཚོ་འགྲམ། བོད་དང་འབྲས་ལྗོངས་ཀྱི་ས་མཚམས་སྣ་ཐོས་ལ་སོགས་ས་གནས་ཁག་འགའ་ཞིག་ལ་ཧམ་འཛུལ་བྱས་ཤིང་། དེར་བརྟེན་ཕྱི་ཟླ་༦་པའི་ཚེས་༡༥ ཉིན་ཕྱོགས་གཉིས་ཀྱི་དམག་དཔུང་ཁག་ཅིག་དམར་འཛིང་ཐུག་ནས་རྒྱ་གར་གྱི་དམག་མི་༢༠་ལ་སྲོག་སྐྱོན་དང་མི་༧༥་ལ་རྨས་སྐྱོན་ཕོག རྒྱ་ནག་གིས་རང་གི་དམག་ལ་འཆི་རྨས་ཅི་བྱུང་གི་གནས་ཚུལ་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་མོད། འོན་ཀྱང་ཨ་མི་རི་ཀའི་གསང་བའི་ལས་ཁུངས་དང་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་སྐབས་དེར་རྒྱ་ནག་གི་དམག་མི་༣༥་ནས་༤༥་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

XS
SM
MD
LG