ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་རུའི་རྣམ་དག་ལ་ལོ་༡༣་གྱི་ཁྲིམས་ཐག་བཅད་འདུག 


༄༅།། བོད་ཀྱི་འབྲི་རུང་རྫོང་གི་བོད་པ་ན་གཞོན་རྣམ་དག་ལ་རྒྱ་ནག་གཞུང་གིས་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་མཁན་ཚོར་རོགས་རམ་བྱས་པའི་ཉེས་མིང་འོག་ཏུ་ལོ་༡༣་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག དེ་ཡང་བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་འབྲི་རུ་བ་ཡར་དར་གྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣་ལོའི་ཕྱི་ཟླ་༧་པ་ཡས་མས་སུ་འབྲི་རུ་རྫོང་། ཙྭ་ལ་ཡུལ་ཚོའི་མེ་རི་གྲོང་སྡེའི་སྐྱེས་པ་ལོ་ན་༣༠་ལ་སོན་པའི་རྣམ་དག་ཟེར་བ་ཞིག་འཛིན་བཟུང་བྱས་པ་ལོ་བདུན་གྱི་རྗེས་སུ་ད་གཟོད་ཤེས་རྟོགས་བྱུང་སྟེ་གནས་ཚུལ་ཕྱིར་བསྒྲགས་བྱུང་ཞིང་། ད་ལྟ་རྣམ་དག་ལྷ་སའི་ཉེ་འཁོར་གྱི་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད་ཅིང་། ཁོ་པ་འཛིན་བཟུང་བྱས་ནས་ཁྲིམས་ཐག་གཅོད་དགོས་དོན་ནི་འབྲི་རུ་ནས་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་མཁན་ཚོར་རོགས་རམ་བྱས་པ་རེད་ཅེས་ནག་ཉེས་བཙུགས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་རྣམ་དག་འཛིན་བཟུང་བྱས་ནས་ལོ་གཉིས་ཀྱི་རྗེས་སུ་རྒྱུ་ལྷག་གི་ན་ཚ་འདུག་ཅེས་བཟའ་མི་ཚོར་ཐུག་འཕྲད་བྱེད་དུ་བཅུག འོན་ཀྱང་རྒྱུ་ལྷག་གི་ན་ཚ་འདུག་ཟེར་བ་ནི་ལན་ཁག་གཡོར་ས་ཙམ་རེད། དོན་དངོས་སུ་རྣམ་དག་ལ་བཙོན་ཁང་ནང་དུ་དེང་རབས་ཀྱི་འཕྲུལ་ཆས་བཙུགས་ནས་མནར་གཅོད་ཚད་མེད་བཏང་སྟེ་ནད་གཅོང་དུ་གྱུར་འདུག་ཅེས་ཡུལ་མི་ཚོས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། རྣམ་དག་གི་མཉམ་དུ་འབྲི་རུའི་མི་གཞན་པ་༧་ལའང་ནག་ཉེས་གཅིག་མཚུངས་བཙུགས་ནས་ལོ་༡༣་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་ཀྱང་མི་དེ་དག་སུ་སུ་ཡིན་མིན་དང་ས་གནས་གང་ནས་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་བྱུང་མ་སོང་། དེང་སྐབས་འབྲི་རུ་རྫོང་ལ་དམ་དྲག་ཆེ་བ་དང་མང་ཚོགས་ཀྱི་དཀའ་སྡུག་གི་གནས་སྟངས་ནི་བྱང་ཀོ་རི་ཡ་དང་སི་རི་ཡ་ལྟ་བུ་ཞིག་ལ་གྱུར་ཡོད་པ་འདྲ་ཞེས་བཤད་འདུག

སྤྱིར་འབྲི་རུ་ས་གནས་སུ་དྲག་གནོན་རབ་དང་རིམ་པ་བྱུང་ཞིང་། ཉེ་དུས་རྒྱ་གར་ལ་གཉེན་འཕྲད་དུ་སྐྱོད་མཁན་ཞིག་གི་ལག་ཏུ་སྤུན་མཆེད་ལ་དངུལ་སྒོར་ཅུང་ཙམ་བསྐུར་བ་ནག་ཉེས་སུ་བརྩིས་ནས་རྒྱ་ནག་གཞུང་གིས་༢༠༢༠་ལོའི་ཕྱི་ཟླ་༦་ནང་དུ་འབྲི་རུ་རྫོང་གི་ཆགས་རྩེ་ཡུལ་ཚོ། དབུས་ལུང་གྲོང་ཚོའི་བསྟན་འཛིན་ཐར་པ་དང་ལྷ་མོ་ཟེར་བའི་སྤུན་མཆེད་གཉིས་སྔ་རྗེས་སུ་འཛིན་བཟུང་བྱས་པ་དང་ལྷ་མོར་བཙོན་ཁང་དུ་སྡུག་སྦྱོང་དྲག་པོ་བཏང་སྟེ་༢༠༢༠་ལོའི་ཕྱི་ཟླ་༨་པའི་ནང་དུ་འདས་གྲོངས་སུ་གྱུར། ཡང་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གླུ་དབྱངས་བླངས་སོང་ཞེས་ནག་ཉེས་བཙུགས་ནས་༢༠༡༩་ལོའི་ཕྱི་ཟླ་༥་པའི་ནང་དུ་འབྲི་རུའི་གླུ་པ་ལྷུན་གྲུབ་གྲགས་པ་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ནས་ཕྱི་ཟླ་༦་པའི་ནང་དུ་ལོ་༦་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG