ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པ་ཆབ་སྲིད་བཙོན་པ་ཞིག་དབང་པོ་སྐྱོན་ཅན་བཟོས་རྗེས་གློད་གྲོལ།


༄༅།། ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༥་པའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ། སེར་ཤུལ་རྫོང་ཁོངས་ཀྱི་བུད་མེད་སྒྲོལ་དཀར་ཞེས་པ་ཞིག་འཛིན་བཟུང་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ནས་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ར་རྔ་ཁའི་བཙོན་ཁང་དུ་བཅུག ཉེ་ལམ་སྒྲོལ་དཀར་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་ཕྱི་ཟླ་༨་པའི་ཚེས་༡༥་ཉིན་གྱི་ཕྱི་དྲོར་བཙོན་གྲོལ་ཐོབ་ཀྱང་བཟའ་མི་ཚོར་སྔོན་བརྡ་གང་ཡང་མ་བརྒྱབ་པར་གཅིག་པུ་རང་ཁྱིམ་ལ་ཕྱིར་སློག་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། སྒྲོལ་དཀར་ལགས་སུ་བཙོན་ཁང་དུ་རྡོ་དབོར་འདྲེན་བྱེད་དུ་བཅུག་པ་སོགས་ངལ་རྩོལ་ཚད་མེད་བཀོལ་བ་དང་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་རྐང་ལག་བཞི་པོ་སྐྱོན་ཅན་དུ་གྱུར་ཏེ་འགྲོ་སྐྱོད་བྱེད་མི་ཐུབ་པ་དང་ལུས་པོར་སྔོ་ཐིག་ཕོག་ཡོད་པས་ཕྱི་ཚེས་༡༦་ཉིན་ས་གནས་དེའི་སྒེར་གྱི་བོད་པའི་སྨན་པ་ཞིག་ལ་བསྟན་ནས་རང་ཁྱིམ་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན་སྒྲོལ་དཀར་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཁྲིམས་ཐག་གཅོད་དགོས་པའི་རྒྱུ་རྐྱེན་ནི་ན་ནིང་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་ཚ་བོ་དབང་ཆེན་ཞེས་པ་ཞིག་དང་རོགས་པ་བློ་བཟང་། ཡོན་ཏན་ཞེས་པའི་མི་གསུམ་གྱིས་རི་མགོར་བསང་གསོལ་བཏང་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཕྲལ་དུ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས། རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ལ་ཞལ་འཛོམས་འབྱུང་དགོས། ང་ཚོར་བོད་པ་རང་ལུས་མེར་སྲེག་གཏོང་མཁན་ཚོས་ལས་འགན་བཞག་ཡོད་ཅེས་སྐད་འབོད་བྱས་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་མི་དེ་ཚོ་འཛིན་བཟུང་བྱས་འདུག དེའི་རྗེས་སུ་སྒྲོན་དཀར་ལགས་ཀྱིས་མི་དེ་ཚོ་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱི་ཕྱོགས་སུ་བསྒྲགས་པ་རེད། ཁོ་མོས་ངན་པ་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་ཀྱི་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པ་རེད་ཅེས་ནག་ཉེས་བཙུགས་ནས་འཛིན་བཟུང་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

སྒྲོལ་དཀར་གྱི་ཚ་བོ་དབང་ཆེན་ལ་མངོན་གསལ་དོད་པོས་རྒྱལ་ཁབ་ཀྱི་ཁྲིམས་ལ་ངོ་རྒོལ་གྱེན་ལངས་རྩ་འཛུགས་དང་སྣེ་ཁྲིད་བྱས་པའི་ནག་ཉེས་བཙུགས་ནས་ལོ་༤་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད། དབང་ཆེན་གྱི་རོགས་པ་གཉིས་ལ་མི་རེར་རྒྱ་སྒོར་༡༥༠༠༠་རེ་ཆད་པ་བཅད་པ་དང་ཟླ་བ་༦་གི་རིང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་ཟེར་བའི་ཟབ་སྦྱོང་འཛིན་གྲྭ་ཞིག་ཏུ་བཏང་འདུག སྒྲོལ་དཀར་ལགས་གློད་གྲོལ་མ་བཏང་སྔོན་དེར་ཕྱིས་སུ་སྐད་འཕྲིན་བརྒྱུད་ནས་སྐད་ཆ་གང་བྱུང་བཤད་མི་ཆོག་པ་དང་སྐད་འཕྲིན་རྒྱབ་ལྗོངས་སུ་རང་ཉིད་ཀྱི་པར་མ་གཏོགས་འདྲ་པར་གཞན་པ་དང་ཡིག་ཆ་སོགས་འཇོག་ཆོག་གི་མ་རེད་ཅེས་ཉེན་བརྡ་བཏང་འདུག ཆབ་སྲིད་བཙོན་ཟུར་སྒྲོན་དཀར་ལགས་ནི་མགོ་ལོག་རྨ་སྟོད་རྫོང་། ཆུ་སྔོན་ལུང་པ་ནས་ཡིན་པ་དང་ལོ་༡༨་ནས་ལོ་ཤས་རིང་ཡུལ་ཤུལ་ཁུལ་དུ་བསྡད། ཕྱིས་སུ་སེར་ཤུལ་རྫོང་ཐོག་ཏུ་ཁང་པ་ཉོས་ནས་གཏན་སྡོད་བྱས་ཡོད་ཅིང་། ཁོ་མོའི་ཁྱོ་གའི་མིང་ལ་སྐར་ཚེ་ཟེར་བ་དང་ཁྱོ་ཤུག་ཟུང་ལ་ཕྲུ་གུ་གཉིས་ཡོད་འདུག

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་ཞལ་པར་བརྒྱུད་ནས་དྲི་བ་ཞུས་པར་ཆབ་སྲིད་བཙོན་པ་རྣམས་འཛིན་བཟུང་རྗེས་སུ་སྡུག་སྦྱོང་མང་ཤོས་ནི་བཀག་ཉར་ཁང་དུ་མྱོང་གི་འདུག བཀག་ཉར་ཁང་དུ་འདས་གྲོངས་སུ་འགྱུར་མཁན་མང་པོ་འབྱུང་གི་འདུག ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་ཁྲིད་པའི་རྗེས་སུ་སྨན་བཅོས་ཀྱི་གོ་སྐབས་སོགས་མ་ཐོབ་པར་ནད་གཅོང་དུ་འགྱུར་གྱི་ཡོད་པ་ནི་རྟག་ཏུ་འབྱུང་གི་འདུག ད་ལྟའི་བའི་བར་དུ་ལྟེ་གནས་ཁང་གིས་ཉམས་ཞིབ་བྱས་ནས་གནས་ཚུལ་གསལ་རྟོགས་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།།

སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་སུ་བཙོན་པ་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ན་དེའི་འགན་འཁྲི་ཆ་ཚང་བཙོན་ཁང་གི་ལས་སྣེ་ཚོས་འཁུར་དགོས་ཤིང་། དེང་སྐབས་རྒྱ་ནག་གཞུང་གིས་ནག་ཉེས་དེར་གཡོལ་ཆེད་ཆབ་སྲིད་བཙོན་པ་ཚོར་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་དྲག་པོ་བཏང་ཏེ་གསོན་གནས་མི་ཐུབ་པའི་མཚམས་སུ་སླེབས་དུས་གློད་གྲོལ་གཏོང་གི་ཡོད་པས་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་ཁང་ནས་གློད་གྲོལ་བཏང་རྗེས་སུ་ཡུན་རིང་འཚོ་གནས་མི་ཐུབ་པར་འདས་གྲོངས་སུ་འགྱུར་གྱི་ཡོད་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།



XS
SM
MD
LG