ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་གཡིས་བོད་ལ་སླེབས་པ།


རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་བློན་ཆེན་གཅིག་ལྕོག་གི་འགན་འཁུར་མཁན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཝང་གཡིས་སྤྱི་ཟླ་༨ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ས་ཁུལ་ཁག་ཅིག་ལ་ལས་རྟོག་ཞིབ་ཀྱི་མིང་ཐོག་ནས་ལྟ་སྐོར་བྱས་ཡོད་པའི་སྐོར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དྲ་ཚིགས་སོགས་སུ་གནས་ཚུལ་སྤེལ་འདུག

དེང་སྐབས་རྒྱ་དཀར་ནག་གཉིས་ནས་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྩོད་གླེང་བྱེད་བཞིན་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ཝུའུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་ལ་ཕྱི་འབྲེལ་དང་ཉོ་ཚོང་སོགས་ཀྱི་ཐད་གནོན་ཤུགས་ཆེན་པོ་ཞིག་སྤྲོད་བཞིན་པའི་སྐབས་འདིར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་བོད་ཀྱི་ས་ཁུལ་ནས་ལས་དོན་རྟོག་ཞིབ་ཆེད་དུ་སླེབས་ཡོད་པ་ནི་གནས་སྟངས་དམིགས་བསལ་ཞིག་ཆགས་ཡོད།

ཝང་གཡིས་བོད་ཀྱི་ས་ཁུལ་དུ་སླེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཇའེ་དང་། དེ་བཞིན་དམར་ཤོག་དྲུང་ཆེ་གཞོན་པ་ཆེ་དགྲ་ལྷ་སོགས་གནད་ཡོད་མི་སྣ་དང་མཉམ་དུ་ཐུག་འཕྲད་གྲོས་མོལ་བྱས་ཤིང་། གྲོས་མོལ་གྱི་སྐབས་སུ་ཝང་གཡིས་ཀྱིས་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་ནི་རྒྱ་ནག་གུང་བྲན་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་སྟངས་དང་འབྲེལ་བ་དམ་ཟབ་ཡོད་ཅེས་དང་། ད་ལྟ་འཛམ་གླིང་ཡོངས་སུ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པ་དང་། ཏོག་དབྱིབས་རིམས་ནད་ཁྲོད་ནས་ཐོན་པའི་རྙོག་འཛིང་ཅན་གྱི་ཤུགས་རྐྱེན་ལ་བརྟེན་ནས་མ་འོངས་པར་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཀྱིས་ཕྱི་འབྲེལ་འཐབ་ཇུས་ཀྱི་ཐད་དུས་རབས་གསར་པའི་བོད་འཛིན་སྐྱོང་གི་ཐབས་ལམ་དག་ལག་བསྟར་ནན་མོ་བྱེད་དགོས་པ་སོགས་ཀྱི་རེ་འདུན་བཏོན་ནས་གཏམ་བཤད་སྤེལ་འདུག

XS
SM
MD
LG