ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དུ་བོད་པ་རྒད་པོ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བལ་ཡུལ་གྱི་སྤོག་ར་གློ་ཚེ་རོགས་གཞིས་ཆགས་ཀྱི་བོད་པ་ལོ་ན་༨༣་ལ་སོན་པའི་རྒད་པོ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། འདི་ནི་བལ་ཡུལ་དུ་གནས་འཁོད་བོད་པ་སྐྱབས་བཅོལ་བའི་གྲས་སུ་བོད་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་པ་ཐོག་མ་དེ་ཡིན་འདུག བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གསར་འགོད་པ་ཚོར་བརྗོད་དོན་ལྟར་ན། བལ་ཡུལ་གྱི་སྤོག་ར་གློ་ཚེ་རོགས་གཞིས་ཆགས་ཀྱི་བོད་པ་དེ་ཕྱི་ཟླ་༦་པའི་ཚེས་༢༠་ཉིན་རྒྱལ་ས་ཀ་ཐ་མན་རྡུ་ནས་སྤོག་ར་གློ་ཚེ་རོགས་གཞིས་ཆགས་སུ་བསྐྱོད། ཁོ་པར་སྒ་ས་ཞེས་བའི་ས་གནས་སུ་བལ་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོས་བརྟག་དཔྱད་བྱས་ཏེ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། དེ་ནས་བོད་པ་རྒད་པོ་དེ་བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་པར་སྨན་བཅོས་བྱ་ཡུལ་ཇོན་སིམ་ཞེས་པའི་ས་གནས་དེའི་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།།

བལ་ཡུལ་གྱི་སྤོག་ར་གློ་ཚེ་རོགས་གཞིས་ཆགས་སུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོ་དགུན་དུས་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་གཏན་སྡོད་བྱེད་པ་དང་དབྱར་དུས་སྤོག་རའི་གཞིས་ཆགས་སུ་ཕྱིར་ལོག་བྱེད་སྲོལ་བྱེད་ཡོད་པས་བོད་པ་ནད་རྟོགས་ཐོན་མཁན་རྒད་པོ་དེའི་ཁྱིམ་ཚང་གི་བཟའ་མི་ཡོད་དོ་ཅོག་གནས་སྐབས་རིང་བལ་ཡུལ་གྱི་ས་གནས་ཁག་ཏུ་འགྲོ་འོང་བྱེད་མི་ཆོག་པའི་བཀག་སྡོམ་བྱས་འདུག ད་ལོ་བལ་ཡུལ་གཞུང་གིས་ཏོག་དབྱིབས་རིམས་སྔོན་འགོག་བྱེད་པར་འགྲོ་འོང་བཀག་པས་བོད་པ་བཙན་བྱོལ་བའི་ཁྱིམ་ཚང་དེའི་བཟའ་མི་རྣམས་འཇོར་པ་ཏྲེ་ས་གནས་ནས་སྤོག་རའི་གཞིས་ཆགས་སུ་ཕྱིར་ལོག་བྱེད་མ་ཐུབ་པར་ལུས།།

ཉེ་སྔོན་ཁྱིམ་ཚང་དེའི་བཟའ་༢༢་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་སྦོག་རའི་གཞིས་ཆགས་སུ་ཕྱིར་ལོག་བྱེད་པའི་ལམ་དུ་འཕྲོད་བསྟེན་ལས་སྣེ་ཚོས་བརྟག་དཔྱད་བྱས་ནས་རྒད་པོ་དེར་ནད་རྟགས་ཡོད་པ་ངོས་ཟིན། དེ་ནས་གློ་ཚེ་རོགས་གཞིས་ཆགས་ཀྱི་བོད་པ་ཚང་མ་བལ་ཡུལ་གཞུང་གི་བཀོད་ཁྱབ་ལྟར་རེ་ཞིག་ཟུར་འགོག་བྱས་ནས་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། ད་དུང་ནད་རྟགས་ཐོན་མཁན་བོད་པ་རྒད་པོ་དེ་གནས་སྡོད་བྱ་ཡུལ་ཀ་ཐ་མན་རྡུའི་འཇོར་པ་ཏྲེ་ས་གནས་ཀྱི་བོད་པ་རྣམས་ཀྱང་ཉི་མ་༡༤་ལ་ཟུར་འགོག་བྱ་རྒྱུ་འགོ་ཚུགས། བལ་ཡུལ་གྱི་སྤོག་ར་ས་གནས་སུ་ཆགས་པའི་གློ་ཚེ་རོགས་བོད་པ་བཙན་བྱོལ་བའི་གཞིས་ཆགས་དང་རྒྱལ་སའི་འཇོར་པ་ཏྲེ་གཞིས་ཆགས་བཅས་ལ་དོན་གཅོད་ལས་ཁུངས་བརྒྱུད་ས་གནས་སོ་སོའི་གཞི་འགོ་ཚོར་དཀའ་ངལ་ཅི་ཞིག་འཕྲད་ཀྱང་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་ཞེས་གསལ་བཤད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG