ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

མོན་གྷོ་འདོད་རྒུ་གླིང་དུ་བོད་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦ ཚེས་༧་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་་ཆགས་ཀྱི་གཞིས་གྲོང་༤་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འབྱོར་བའི་སྐྱེས་པ་ལོ་ན་༣༠་ཅན་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ར་སྤྲོད་བྱུང་འདུག ཁོ་པར་ཕྱི་ཚེས་༡༦་ཉིན་ནས་མོན་གྷོ་ས་གནས་ཀྱི་རྒྱ་གར་གཞུང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། སྐྱེས་པ་དེའི་བཟའ་ཟླའི་ནང་མི་དང་གཉེན་ཚན་༡༢་ཀྱང་ཟུར་འགོག་བྱས་ནས་བཞག་འདུག དེ་རིང་ཕྱི་ཚེས་༡༩་ནས་བཟུང་སྟེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འགྲོ་འོང་གཏན་ནས་བྱེད་མི་ཆོག་པའི་བཀག་སྡོམ་ཆེ་རུ་བཏང་ཡོད་པ་སྟེ། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ནད་དུག་ཕོག་པའི་ན་གཞོན་དེ་རྟག་པར་ལྡི་ལིར་ལས་དོན་གཉེར་དུ་སྐྱོད་ཀྱི་ཡོད་པ་དང་ལྡི་ལི་ནས་བཟའ་ཟླའི་སྤུན་མཆེད་བུ་མོ་ཞིག་གི་མཉམ་དུ་ཡོང་ཡོད་ཀྱང་བཟའ་ཟླའི་སྤུན་མཆེད་བུ་མོ་དེར་བརྟག་དཔྱད་བྱས་པའི་གྲུབ་འབྲས་འབྱོར་མ་སོང་། ཁོ་མོ་ལོགས་སུ་ཟུར་འགོག་བྱས་ནས་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་སྒུག་བསྡད་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ནད་དུག་གི་གནད་དོན་བྱུང་བའི་རྗེས་སུ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་འགོ་ཁྲིད་པའི་འབྲེལ་ཡོད་འཕྲོད་བསྟེན་ཚན་པ་ཁག་གིས་ས་གནས་ལ་དུག་སེལ་སྨན་ཆུ་གཏོར་བ་དང་གདན་ས་དགའ་འབྲས་གཉིས་ལ་རིམས་ཟློག་གི་རིམ་གྲོ་བསྒྲུབ་དགོས་པའི་སྐྱབས་འཇུག་ཞུས་ཡོད་པར་མ་ཟད། ད་ལྟའི་ཆར་མོན་གྷོ་འདོད་རྒུ་གླིང་དུ་ཟུར་འགོག་བྱེད་ཡོད་པ་སྐྱ་སེར་གཉིས་ཀ་ཁྱོན་བསྡོམས་མི་གྲངས་༦༥་ཡོད་པ་དེ་དག་ལ་བསྐྱར་དུ་འཕྲོད་བསྟེན་བརྟག་དཔྱད་བྱས་ནས་གྲུབ་འབྲས་འཐོན་རྒྱུར་སྒུག་བསྡད་ཡོད་ཅེས་གསར་འགོད་པར་ལན་འདེབས་བྱས་འདུག ཐེངས་འདིར་མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཞིག་ཐོན་པ་ནི་ད་ལྟའི་བར་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བོད་པ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཐོག་མ་དེ་ཡིན་འདུག
ཁ་སང་ཕྱི་ཚེས་༡༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གི་བདུན་རེའི་གསར་བསྒྲགས་དང་སྨན་པ་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིར་རྒྱ་གར་ལ་བོད་པ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༡༡་བྱུང་ཡོད་ཅེས་བསྒྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་ལྡི་ལིའི་ཁུལ་དུ་ནད་ཡམས་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་ཡོད་པས་བོད་པ་ཚོ་ཕར་ཚུར་བསྐྱོད་མི་དགོས་པར་རང་གནས་སུ་འདུག་དགོས། གལ་ཏེ་ངེས་པར་དུ་བསྐྱོད་དགོས་ཀྱང་ལྡི་ལི་བརྒྱུད་ནས་བསྐྱོད་མི་དགོས་པ་གཙོ་འདོན་བྱ་དགོས་ཞེས་བསྐྱར་དུ་བཀའ་ཤག་གི་ལམ་སྟོན་གསར་པ་ཞིག་གསལ་བསྒྲགས་གནང་སོང་། གསལ་བསྒྲགས་དེར་ཕྱོགས་མཐའ་ཁག་ནས་བོད་མིའི་གཞིས་ཆགས་ཁག་ལ་ཡོང་མཁན་ཚོས་བདུན་ཕྲག་གཅིག་སྔོན་ནས་ས་གནས་འགོ་འཛིན་ལ་འབྲེལ་བ་བྱ་དགོས། ཉིན་༡༤་ལ་ངེས་པར་དུ་ཁྱིམ་ལ་འཛུལ་ནས་ཟུར་འགོག་བྱ་དགོས་པའི་ལམ་སྟོན་གསར་པ་གནང་སོང་།

ད་དུང་ལམ་སྟོན་གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་པ་ལྟར་ན། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་སྔར་བཞིན་ཐེམ་སྤང་བཀའ་རྒྱ་བསྡམ་དགོས་པ་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ལ་དགོས་ངེས་ཅན་གྱི་སྐམ་ཟས་ཚོང་ཁང་དང་ཟ་ཁང་སོགས་སྒོ་ཕྱེ་ཚེ། མི་གཉིས་ཀྱི་བར་དུ་རྒྱང་ཐག་རིང་ཚད་གང་འཚམ་རེ་ངེས་པར་དུ་འཇོག་དགོས། ཚོང་ཁང་དང་ཟ་ཁང་དེ་དག་གི་ནང་དུ་གཞིས་ཆགས་ནང་ཁུལ་གྱི་མི་མ་གཏོགས་ཕྱི་ནས་འགྲུལ་པ་གཏན་ནས་ཡོང་མི་ཆོག་པ། དེ་བཞིན་སྤྲོ་སྐྱིད་དང་རྩེད་རིགས་འདུ་འཛོམས་སོགས་ལ་འཛེམ་ཟོན་བྱ་དགོས། དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་འདུ་ཚོགས་རིགས་མི་གནང་ཐབས་མེད་དང་ངེས་པར་དུ་སློབ་ཁྲིད་གནང་དགོས་ན་དགེ་འདུན་པའི་གྲངས་འབོར་གྱི་བརྒྱ་ཆ་༣༠་འདུ་ཆོག་པའི་ལམ་སྟོན་ཞུས་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG