ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བོད་པ་ཞིང་ལས་གཉེར་མཁན་ཇེ་མང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོ་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཚོང་ལས་སོགས་ལ་དཀའ་ངལ་འཕྲད་ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་ཤིང་འབྲས་ཨ་མྲ་དང་ངང་ལག སོ་པ་རི་དང་དམར་ཚ་བཅས་ཉུང་མཐར་ཡང་ཞིང་ལས་ཐོན་སྐྱེད་རྣམ་གྲངས་༩་ཙམ་འདེབས་ལས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ད་ལྟ་ཤིང་འབྲས་དང་ཞིང་ལས་ཀྱི་ཐོན་སྐྱེད་དེ་རྣམས་ལོ་རེ་བཞིན་འདེབས་འཛུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། བོད་པ་གཞོན་སྐྱེས་ཚོའི་གྲས་སུ་ཤིང་འབྲས་འདེབས་ལས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།།

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནི་ཤིང་འབྲས་རྒྱ་ཁྱོན་མང་ཤོས་འདེབས་ལས་བྱེད་མཁན་གྱི་གཞིས་ཆགས་གྲས་ཤིག་ཡིན་ཞིང་། ལོ་རེའི་ཕྱི་ཟླ་༥་པ་ཙམ་ནས་ཤིང་འབྲས་རྣམས་ཁྲོམ་ལ་སྡེབ་ཚོང་བྱེད་པའི་དུས་ཚོད་ཡིན་མོད། འོན་ཀྱང་འདི་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འགྲིམ་འགྲུལ་བཀག་སྡོམ་བྱས་པས་ཤིང་འབྲས་ཉོ་མཁན་ཡོང་མ་ཐུབ་པར་ཤིང་འབྲས་ཀྱི་ཐོན་སྐྱེད་རྣམས་ཆུད་ཟོས་སུ་ཕྱིན་སོང་ཞེས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སོ་ནམ་ཚན་པའི་འགན་འཛིན་ཚེ་རིང་ཆོས་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། ཁོང་གིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ལ་མཚོན་ན་ས་ཞིང་ཨེ་ཀར་༤༠༤༥་ལྷག་ཡོད། གཞོན་སྐྱེས་ཞིང་ལས་བྱེད་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་འདུག ད་ལོ་ས་ཞིང་འདེབས་ལས་བྱེད་མཁན་ཞིང་པ་༥༤༠་ཡས་མས་ཤིག་ཡོད་པ་དེ་དག་གིས་ས་ཞིང་ཨེ་ཀར་ཆིག་སྟོང་ཙམ་ལ་ཨ་མྲ་དང་སོ་པ་རི། ངང་ལག་བཅས་ཤིང་འབྲས་དང་ཐོན་སྐྱེད་འདྲ་མིན་ཞིག་འདེབས་འཛུགས་བྱེད་ཀྱི་འདུག ད་དུང་མ་རྨོས་ལོ་ཏོག་དང་འབྲས་ཀྱང་བཏབ་འདུག་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བྱུང་།།

དེང་སྐབས་གཞིས་ཆགས་ཁག་ཏུ་གཞོན་སྐྱེས་ཞིང་ལས་བྱེད་མཁན་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་ཅི་ཡིན་ཞེས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སོ་ནམ་སློབ་སྟོན་པ་ཚེ་རིང་ཆོས་ལྡན་ལགས་སུ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་གཅིག་ནས་གཞོན་སྐྱེས་མང་པོ་ཞིག་གི་ཕ་མ་རྣམས་ལོ་ན་རྒས་ཏེ་རང་ཁྱིམ་དུ་བསྡད་ཡོད་པ་དང་། གཉིས་ནི་ཁྲོམ་ས་དང་དགུན་ཚོང་གི་ལས་རིགས་ཁག་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་པ། གསུམ་ནི་ཤིང་འབྲས་ངང་ལག་དང་སོ་པ་རི་བཏབ་ན་ཧིན་སྒོར་འབུམ་ཕྲག་མང་པོའི་ཁེ་ཕན་ཡོད་པ་བཅས་ཐུག་འདུག ན་གཞོན་ཚོས་ཞིང་ལས་ལ་དོ་སྣང་ཆེ་རུ་ཕྱིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།།

ཧུང་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་སོ་ནམ་སློབ་སྟོན་པ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་འགྲེལ་བརྗོད་གནང་གསལ་ལྟར་ན། ཧུན་སུར་གཞིས་ཆགས་ལ་ས་ཆའི་རྒྱ་ཁྱོན་ཨེ་ཀར་༢༢༠༠་ཡོད་པ་དེ་ནས་སྔ་ལོ་ས་ཞིང་ཨེ་ཀར་༢༠༠་ལྷག་མ་གཏོགས་འདེབས་ལས་བྱེད་མཁན་བྱུང་མ་སོང་། ད་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་དགུན་ཚོང་རྒྱག་ཐུབ་མིན་ལ་བརྟེན་ནས་ས་ཞིང་ཨེ་ཀར་༦༠༠་ཡས་མས་ཤིག་ལ་ཐོན་སྐྱེད་འདེབས་ལས་བྱས་འདུག་ཅེས་འགྲེལ་བརྗོད་གནང་བྱུང་། ཧུན་སུར་གཞིས་ཆགས་སུ་མ་རྨོས་ལོ་ཏོག་དང་ཤིང་འབྲས་སྣ་ཚོགས་འདེབས་ལས་བྱེད་མཁན་གཞོན་སྐྱེས་གཉིས་ལ་བཅར་འདྲི་ཞུས་ཡོད། འདི་དང་དུས་མཚུངས་སུ་སྦེལ་ཀོབ་བོད་མིའི་གཞིས་ཆགས་གསར་རྙིང་གཉིས་སུའང་ལོ་འདིར་ས་ཞིང་འདེབས་ལས་བྱེད་མཁན་མང་དུ་ཕྱིན་ཏེ་ས་ཁྱོན་ཨེ་ཀར་༢༠༠་བརྒལ་བ་ཞིག་ལ་ཤིང་འབྲས་ཁོ་ན་འདེབས་འཛུགས་བྱས་འདུག འོན་ཀྱང་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཤིང་འབྲས་ཀྱི་རིགས་འདེབས་འཛུགས་གང་ཡང་བྱས་མེད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG