ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ལ་དབུས་སིན་དྷུ་སློབ་གྲྭ་ཆེན་མོ་འཛུགས་རྒྱུ།


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིའི་གཞུང་གིས་ལ་དྭགས་ཀྱི་ཡུལ་ལུང་དེ་ཉིད་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ལ་བསྒྱུར་ནས་ལོ་གཉིས་འཁོར་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༥་ཉིན་རྒྱ་གར་གྱི་ཧིན་རྡུ་སིན་ཐན་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཕུར་བུའི་ཉིན་སྲིད་བློན་མོ་དྷི་དང་ནང་སྲིད་བློན་ཆེན་ཨ་མཱེ་ཏ་ཤཱ་སོགས་ཀྱིས་༢༠༠༩་ལོར་རྒྱ་གར་གྱི་གྲོས་ཚོགས་འོག་མས་གཏན་འབེབས་བྱུང་བའི་དབུས་སློབ་ཆེན་ཁག་གི་ཁྲིམས་ཡིག་ལ་བསྐྱར་བཅོས་བྱ་དགོས། ལ་དྭགས་ཀྱི་ས་ཐོག་ཏུ་དབུས་སློབ་ཆེན་ཞིག་འཛུགས་ཀྱི་ཡོད་པ་དེར་དབུས་སིན་དྷུ་སློབ་གྲྭ་ཆེན་མོ་ཞེས་མིང་བྱང་འགོད་རྒྱུ། ལ་དྭགས་སུ་དབུས་སློབ་ཆེན་ཞིག་བཙུགས་ནས་མངའ་ཁུལ་དེའི་ཤེས་ཡོན་དང་ཤེས་རིག་འཕེལ་རྒྱས་གཏོང་དགོས་ཞེས་གྲོས་གཞི་བཏོན། ཁ་སྔོན་ཕྱི་ཟླ་༧་པའི་ཚེས་༢༢་ཉིན་རྒྱ་གར་གཞུང་གིས་ལོ་བདུན་གྱི་རིང་དུ་ལ་དྭགས་དབུས་སིན་དྷུ་སློབ་གྲྭ་ཆེན་མོར་ཧིན་སྒོར་བྱེ་བ་༧༥༠་ཐམ་པའི་འགྲོ་གྲོན་ཆོག་མཆན་བཀོད། ལ་དྭགས་ཀྱི་འཛིན་སྐྱོང་མི་སྣ་ཁག་དང་མཁས་པ་ཚོར་གྲོས་སྡུར་བྱས་ནས་མཐའ་མའི་ཐག་གཅོད་བྱ་རྒྱུའི་གྲོས་འཆམ་བྱུང་འདུག

ལ་དྭགས་ཀྱི་དབུས་སློབ་གྲྭ་ཆེན་མོར་སིན་དྷུ་སློབ་གྲྭ་ཆེན་མོ་ཞེས་མིང་བྱང་འགོད་དགོས་པའི་རྒྱུ་མཚན་ནི་སིན་དྷུ་ཞེས་པ་བོད་སྐད་དུ་སེངྒེ་ཁ་འབབ་ལ་གོ་ཞིང་། སེངྒེ་ཁ་འབབ་ནི་བོད་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་དང་མཁར་དཀྱིལ། པ་ཀི་སི་ཐན་གྱི་མངའ་ཁོངས་སུ་བསྡུས་པའི་གྷིལ་ཇཱིལ་ཏ་བྷོལ་ཊི་སི་ཐན་སོགས་ལ་ཁྱབ་ཡོད་པས་སིན་དྷུ་སློབ་གྲྭ་ཆེན་མོས་ལ་དྭགས་གཅིག་པུ་མ་ཡིནཔར་ཉེ་འཁོར་གྱི་ས་གནས་ཐམས་ཅད་མིང་བྱང་དེའི་འོག་ཏུ་འདུ་ཐུབ་པའི་ཆེད་དུ་ཡིན་འདུག ཕྱི་ལོ་༢༠༢༠་ལོའི་རྒྱ་གར་རང་བཙན་དུས་ཆེན་གྱི་གཏམ་བཤད་སྐབས་སུ་སྲིད་བློན་མོ་དྷིས་ལ་དྭགས་སུ་དབུས་སློབ་གྲྭ་ཆེན་མོ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་གར་གྱི་གསར་ཤོག་ཁག་གིས་ལ་དྭགས་དབུས་སློབ་གྲྭ་ཆེན་མོར་ས་ཁྱོན་ཨེ་ཀ་༡༡༠་ཡོད་པ་རྣམས་གླེ་དང་མཁར་དཀྱིལ་བར་དུ་ཁལ་རྩེ་ཞེས་ས་ཁུལ་ཞིག་ཡོད་པ་དེར་འཛུགས་རྒྱུ། དེང་སྐབས་ལ་དྭགས་པའི་སློབ་ཕྲུག་༤༠༠༠་ལྷག་གིས་མངའ་ཁུལ་དེའི་ཕྱི་ལོགས་སུ་མཐོ་རིམ་སློབ་གཉེར་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།།

ད་ལྟ་རྒྱ་གར་གཞུང་གིས་ལ་དྭགས་སུ་དབུས་སིན་དྷུ་སློབ་གྲྭ་ཆེན་མོ་གསར་དུ་འཛུགས་ཀྱི་ཡོད་པ་བསྡོམས་ཚེ། ལ་དྭགས་ས་ཁུལ་ལ་སློབ་གྲྭ་ཆེན་མོ་གཉིས་ཡོད་པ་སྟེ། ༢༠༡༨་ལོར་ཇམ་མུ་ཀསྨིར་མངའ་སྡེ་གཞུང་གིས་ལ་དྭགས་སློབ་གྲྭ་ཆེན་མོ་འཛུགས་རྒྱུའི་ཐག་བཅད། ༢༠༡༩་ལོར་ལ་དྭགས་སློབ་གྲྭ་ཆེན་མོ་དངོས་སུ་ཚུགས། འདས་པའི་ལོ་མང་རིང་ལ་དྭགས་ཀྱི་སློབ་ཕྲུག་ཚོས་ཝཱ་ར་ཎ་སི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དང་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཆོས་རྒྱུད་རིས་མེད་དགོན་སྡེ་ཁག་དང་ཤེས་རིག་གི་ལྟེ་གནས་ཁག་ཏུ་སློབ་གཉེར་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཡོངས་ཀྱི་སློབ་ཕྲུག་རྣམས་དང་ཤེས་ཡོན་ཅན་ཚོ་ལ་དྭགས་དབུས་སློབ་གྲྭ་ཆེན་མོ་སྐོར་ཞིབ་ཏུ་ཡོང་གི་རེད། སློབ་ཆེན་འདིས་རྒྱ་གར་གྱི་མངའ་ཁོངས་དང་མི་སེམས་གཅིག་གྱུར་ལ་ཕན་ཐོགས་ཆེན་པོ་ཡོད། ཉེ་དུས་ཤིག་ནས་རྒྱ་ནག་གིས་ས་མཚམས་སུ་སྤྱོད་ངན་སྤེལ་གྱི་ཡོད་པས་དབུས་གཞུང་ཐད་སྐྱོང་ས་ཁུལ་དེའི་མི་དམངས་ལ་རྒྱ་གར་གཞུང་དམངས་གཉིས་ཀ་ལ་དྭགས་པའི་རྒྱབ་རྩར་ལངས་ཡོད་པའི་བརྡ་ཞིག་གཏོང་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བཤད་འདུག

XS
SM
MD
LG