ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་དཀར་ནག་གི་དམག་དཔུང་གྷོ་ར་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ།


༄༅།། རྒྱ་དཀར་ནག་གི་དམག་དཔུང་རྣམས་སྔ་ལོ་ནས་འགྲེམ་འཇོག་བྱེད་ཡོད་པའི་ལ་དྭགས་ཀྱི་གྷོ་ར་ས་ཁུལ་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་ཡང་ཆུ་ཚན་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༨་པའི་ཚེས་༣་ཉིན་རྒྱ་གར་གྱི་བང་ཆེན་ཚོགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ཟླ་བ་༦་གི་རིང་དུ་རྒྱ་དཀར་ནག་གི་ས་མཚམས་ཀྱི་དམག་དཔུང་བཀོད་འདོམས་པ་དང་དབུས་གཞུང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་ལན་མང་བྱས་ཤིང་། རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྟག་ཏུ་གདོང་ཐུག་འབྱུང་གྲབས་དང་སྐོར་གཡེང་དུས་སུ་རྩོད་པ་འབྱུང་ས་གཙོ་བོ་སྟེ། ལ་དྭགས་ཤར་ཕྱོགས་ཀྱི་གྷོ་ར་ས་ཁུལ་ནས་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་དགོས། ཁ་སྔོན་གཟའ་སྤེན་པའི་ཉིན་ཕྱོགས་གཉིས་ཀྱི་དམག་དཔུང་བཀོད་འདོམས་པའི་གྲོས་མོལ་ཐེངས་༡༢་པ་བྱས་པའི་སྐབས་སུ་གྲོས་མཐུན་བྱུང་སོང་། གྲོས་མོལ་དེ་རྒྱ་གར་ཕྱོགས་ཀྱི་ཆུ་ཤུལ་ས་ཁུལ་དུ་བྱས་པ་ཡིན། རྒྱ་ནག་གིས་ང་ཚོ་རང་གི་ས་ཐོག་ཏུ་བསྡད་ཡོད་ཅེས་ལངས་ཕྱོགས་མཁྲེགས་འཛིན་བྱས་ནས་ཆུ་ཚན་ཕྱོགས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱེད་ཀྱི་མི་འདུག དམག་དཔུང་ཕྱིར་འཐེན་གྱི་ཞིབ་ཆ་རྣམས་འབྲེལ་ཡོད་སྲིད་གཞུང་གཉིས་ལ་ཕུལ་ནས་གྲོས་སྡུར་བྱ་རྒྱུ་ཡིན། མ་འོངས་པའི་ཉིན་ཤས་ནང་དུ་དམག་དཔུང་ཕྱིར་འཐེན་གྱི་གྲོས་མཐུན་ལག་ལེན་བསྟར་ཐུབ་པའི་རེ་བ་ཡོད་ཅེས་རྒྱ་གར་གྱི་འབྲེལ་ཡོད་དམག་དོན་མི་སྣ་ཞིག་གིས་བཤད་པའི་སྐད་ཆ་རྣམས་བང་ཆེན་ཚགས་པར་གྱིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དམག་དཔུང་རྣམས་རྟ་མཆོག་ས་ཁུལ་གྱི་བདེ་བཟང་ཐང་གཤོང་དང་ཆར་ལྡིང་ཉི་རླུང་ན་ལྷའི་ཕྱོགས་ནས་ལ་དྭགས་ཀྱི་ས་ཐོག་ཏུ་དཔུང་འཛུལ་བྱེད་ཀྱི་ཡོད་པར་གྲོས་སྡུར་བྱས་མེད་ཀྱང་གྷོ་ར་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་བ་ནི་གནས་ཚུལ་བཟང་པོ་ཞིག་རེད། ད་ལོའི་ཕྱི་ཟླ་༢་པ་ནས་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུའི་གྲོས་མོས་མཚམས་ཆད་ནས་ཡར་རྒྱས་འགྲོ་ཐུབ་མེད་པ་རེད་ཅེས་བསྒྲགས། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་དཀར་ནག་གི་འབྲེལ་ཡོད་མི་སྣ་ཚོས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ནས་ལ་དྭགས་ནུབ་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱས་མེད་པའི་ས་ཁུལ་ཁག་གི་དམག་དཔུང་རྣམས་ཀྱང་ཕྱིར་འཐེན་བྱ་དགོས་ཞེས་ཕྱོགས་གཉིས་གྲོས་སྡུར་ལྷུག་པོ་དང་ཡག་པོ་བྱུང་སོང་། ད་ཐེངས་ཀྱི་གྲོས་མོལ་དེ་གྲུབ་འབྲས་ལྡན་པ་དང་ཕྱོགས་གཉིས་ཀྱི་ལྟ་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་པའི་ཕན་ཐོགས་བྱུང་སོང་། ད་དུང་རྩོད་གཞི་སེལ་ཐུབ་མེད་པ་རྣམས་ཀྱང་ཕྱོགས་གཉིས་ཀྱི་གྲོས་མོལ་ལམ་སྲོལ་ལྟར་མྱུར་དུ་ཐག་གཅོད་བྱ་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་བཀོད། རྒྱ་གར་གྱི་གསར་འགྱུར་འབྱུང་ཁུངས་ཁག་གིས་གྷལ་ཝན་ལུང་གཤོང་དང་སྤང་གོང་མཚོ་ནས་དམག་གི་གུར་དང་ལྕགས་ཤོག་གི་ཁང་པ་རྣམས་བཤིག དམག་དཔུང་རྣམས་ཕྱིར་འཐེན་བྱས་པ་དང་ཕྱིར་འཐེན་བྱས་པའང་ཕྱོགས་གཉིས་ཀས་ངེས་གཏན་བྱས་པ་ལྟར་གྷོ་ར་ས་ཁུལ་གྱི་དམག་དཔུང་རྣམས་ཀྱང་ཕྱིར་འཐེན་བྱ་ཤས་ཆེ། ན་ནིང་ཕྱི་ཟླ་༦་པར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་གདོང་ཐུག་བྱུང་ནས་བཟུང་། རྒྱ་གར་གྱིས་ཆུ་ཚན་དང་གྷོ་ར་ས་ཁུལ་དུ་དམག་མི་བརྒྱ་ཤོག་རེ་འགྲེམ་འཇོག་བྱེད་ཡོད་ཀྱང་དམག་མི་དེ་རྣམས་རྟག་ཏུ་གདོང་ཐུག་འབྱུང་ས་ཁག་ཏུ་བཞག་མེད་པ་རེད།།

རྒྱ་གར་གྱི་དམག་དོན་མི་སྣ་ཞིག་གིས་བང་ཆེན་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ད་ལྟ་ཕྱོགས་གཉིས་ཀྱི་དམག་དཔུང་གི་བར་དུ་རྒྱང་ཐག་མཱི་ཊར་༥༠༠་རེ་བཞག་ཡོད་ཀྱང་གདོང་ཐུག་འབྱུང་ཡུལ་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་གནད་འགག་ཆེན་པོ་རེད། ས་མཚམས་ཀྱི་དམག་དཔུང་རྣམས་རྟག་ཏུ་གདོང་ཐུག་མ་བྱུང་བར་འདུག་ཐུབ་རྒྱུ་ཁག་པོ་ཡིན་པ་དང་དུས་ནམ་ཞིག་ཡིན་རུང་ཆག་སྒོ་ནི་འབྱུང་སྲིད་པ་ཞིག་རེད་ཅེས་བཤད། ལོ་འདིའི་ཕྱི་ཟླ་༢་པའི་ནང་དུ་རྒྱ་ནག་དཀར་ནག་གི་དམག་དཔུང་རྣམས་སྤང་གོང་མཚོ་འགྲམ་དུ་ཕན་ཚུན་མཱི་ཊར་བརྒྱ་ཕྲག་འགའ་ཤས་ཀྱི་བར་ཐག་ལས་མེད་པའི་མཚམས་ནས་ཕྱིར་འཐེན་བྱུང་། ཆུ་ཚན་དང་གྷོ་ར། གྷ་ཝན་ལུང་གཤོང་དང་སྤང་གོང་མཚོ། རེ་བཟང་ལ་དང་རེ་ཆེན་ལ་རྣམས་རྒྱ་དཀར་ནག་གི་དམག་དཔུང་རྣམས་གདོང་ཐུག་འབྱུང་ས་ཁག་ཡིན་ཞིང་། ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་རྒྱ་དཀར་ནག་གི་དམག་དཔུང་རྣམས་གྷལ་ཝན་ལུང་གཤོང་དུ་གདོང་ཐུག་བྱུང་སྟེ་རྒྱ་གར་བའི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག བདེ་བཟང་ལའི་ཕྱོགས་ཀྱི་ས་ཚིགས་༡༠་དང་༡༡་པ། ༡༢་པ་དང་༡༣་བཅས་སུ་རྒྱ་དམག་གིས་སྔ་མོའི་ས་མཚམས་བརྒལ་ཏེ་ལ་དྭགས་ཀྱི་མངའ་ཁོངས་སུ་སྐོར་གཡེང་བྱེད་ཀྱི་ཡོད་པར་མ་ཟད། རྟ་མཆོག་ས་ཁུལ་གྱི་ཆར་ལྡིང་ན་ལྷ་ས་ཁུལ་དུའང་མི་མང་དཀྱུས་མའི་གུར་ཡིན་ཞེས་རྒྱ་གར་གྱི་ཕྱོགས་སུ་རྒྱ་དམག་གིས་གུབ་ཕུབས། རྒྱ་ནག་གིས་གྲོས་མོལ་བྱེད་པའི་ཞོར་དུ་རྒྱ་གར་གྱི་ས་མཚམས་ལ་རྒྱང་ཐག་རིང་པོ་མེད་པའི་ས་གནས་ཁག་ཏུ་གཏན་འཇགས་ཀྱི་དམག་སྒར་མང་དག་ཅིག་འཛུགས་སྐྲུན། བོད་ཀྱི་ས་ཐོག་ཏུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་ཡང་ཇེ་མགྱོགས་སུ་བཏང་འདུག ཡིན་ནའང་གང་ཅིའི་ཐད་དུ་གྲོས་མཐུན་བྱུང་སྟེ་འཁྲུག་རྩོད་འབྱུང་ཡུལ་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་པའི་རེ་བ་འཆང་དགོས་ཞེས་གསར་འགོད་པར་བཅར་འདྲི་ཁག་ལ་ལན་འདེབས་བྱས་འདུག

རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༨་པའི་ཚེས་༢་ཉིན་སྤེལ་བའི་རྒྱ་དཀར་ནག་གི་ཐུན་མོང་གསལ་བསྒྲགས་དེའི་རྗོད་ཚིག་ཁག་ལ་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ཧ་ཅང་གཟབ་ནན་བྱས་ནས་བཀོད་པ་རེད། གསལ་བསྒྲགས་དེར་ཕྱོགས་གཉིས་མི་མཐུན་པའི་རྩོད་གཞི་ཡོད་པ་རྣམས་གྲོས་མོལ་དང་སྔོན་མའི་གྲོས་མཐུན་ལྟར་མགྱོགས་མྱུར་གྱིས་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཀོད། རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་སྤེལ་བའི་ཐུན་མོང་གསལ་བསྒྲགས་དེར་དམག་དཔུང་ཕྱིར་འཐེན་ཞེས་པའི་རྗོད་ཚིག་འཁོད་མི་འདུག དེ་ནི་སྔོན་ཆད་རྒྱ་ནག་གིས་གྲོས་མཐུན་ལ་མིང་རྟགས་བཀོད་པའི་རྗེས་སུའང་དེ་ལ་བརྩི་མེད་བཏང་སྟེ་རྩ་འཛིན་བྱེད་ཀྱི་མེད་པའི་ཉམས་མྱོང་ལ་གཞིགས་ནས་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་རྗོད་ཚིག་དེ་མ་བཀོད་པ་རེད་ཅེས་བཀྲལ། ཁ་སྔོན་ཕྱི་ཟླ་༧་པའི་ཚེས་༡༤་ཉིན་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་གྱི་རྒྱལ་ས་དྷུ་ཤན་བྷེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་འཁྲུག་རྩོད་འབྱུང་ས་ཁག་ནས་ཕྱིར་འཐེན་བྱ་དགོས་པའི་གྲོས་མོལ་བྱས་ཤིང་། ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༢༥་ཉིན་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་དང་འབྲེལ་མཐུད་ལས་དོན་ཁང་གི་ལས་སྣེ་ཚོས་གྲོས་མོལ་བྱས་འདུག

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གི་ཐུན་མོང་གི་གསལ་བསྒྲགས་དེར་དོན་དམ་གྱི་གྲུབ་འབྲས་ཅི་ཡང་མི་འདུག ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ལ་དབྱིན་ལེ་༢༡༦༧་གྱི་ས་མཚམས་འབྲེལ་ཡོད་པར་དབྱེ་འབྱེད་གསལ་པོ་ཞིག་མེད་པ་ནི་འཁྲུག་རྩོད་ཀྱི་འབྱུང་རྩ་ཞིག་རེད། རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་དམག་དཔུང་ཁ་སྣོན་གཏོང་རྒྱུ་མཚམས་ཆད་ཀྱི་མི་འདུག གྲོས་མཐུན་དེར་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཁག་ཏུ་ཞི་བདེ་བསྐྲུན་རྒྱུའི་དམ་བཅའ་འཇོག་གི་ཡོད། ཕྱོགས་གཉིས་ཀྱིས་མོས་མཐུན་བྱེད་མི་ཐུབ་པའི་གནས་ཚུལ་འབྱུང་གི་ཡོད་པར་ངོས་ལེན་ཐོབ་ཡོད་ཅེས་འཁོད། འོན་ཀྱང་རྒྱ་དཀར་ནག་གཉིས་ཀས་སྔ་ལོའི་འཁྲུག་རྩོད་ཀྱི་འབྱུང་རྐྱེན་ཕན་ཚུན་གཅིག་གིས་གཅིག་ལ་ལེ་བདའ་བྱེད་ཀྱི་ཡོད་པ་གཅིག་མཚུངས་རེད་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མར་རྒྱ་དཀར་ནག་གཉིས་འབྲས་ལྗོངས་ཀྱི་ཀོང་ར་ལའི་རྒྱ་གར་གྱི་དམག་སྒར་དང་བོད་ཀྱི་གམ་པ་རྫོང་དུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་དམག་གི་དམག་སྒར་བར་དུ་ཛ་དྲག་གི་ཁ་པར་མཐུད་ནས་འབྲེལ་བ་ཡག་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་དཀར་ནག་གཉིས་ཀས་ཉུང་མཐར་ཡང་དམག་དཔུང་ཁྲི་ཚོ་༥་རེ་ཧིན་བོད་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པ་དང་དམག་དོན་ལ་མཁོ་པའི་རྒྱ་ལམ་དང་ཟམ་པ། མེ་འཁོར་ལྕགས་ལམ་དང་གནམ་ཐང་སོགས་འཛུགས་སྐྲུན། ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ཀོང་པོ་ཉིང་ཁྲི་དང་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་ཞིབ་ཏུ་འབྱོར་བ་ནི་རྒྱ་གར་ལ་ཉེན་བརྡ་གཏོང་རྒྱུའི་ཆེད་དུ་རེད། སྔ་ལོའི་འཁྲུག་རྩོད་སྐབས་སུ་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་དམག་གིས་རྒྱ་དམག་ལ་ཕམ་ཁ་ཆེན་པོ་སྤྲད་ནས་བཟུང་། རྒྱ་ནག་གིས་ཀྱང་རྒྱ་དམག་གི་ཁོངས་སུ་བོད་པ་བསྡུས་ཏེ་ཧིན་བོད་ས་མཚམས་སུ་གཏོང་རྒྱུ་ཇེ་མང་དུ་གཏོང་གི་འདུག་ཅེས་བསྟན།།

XS
SM
MD
LG