ཧོང་ཀོང་གྲོང་ཁྱེར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་ལིའུ་ཧན་ཊང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་མ་རེད་ཅེས་བརྩམས་པའི་དཔེ་དེབ་ཞིག་ཐོན། ཉེ་ཆར་ཟླ་འདིར་ཐེ་ཝན་གངས་ལྗོངས་པར་སྐྲུན་ཁང་གིས་དཔེ་དེབ་དེ་དཔར་དུ་བསྐྲུན་ནས་ས་ཁུལ་ཁ་ཤས་ཤིག་ལ་རིན་མེད་དུ་འགྲེམ་སྤེལ་བྱེད་བཞིན་པ་རེད།
དཔེ་དེབ་འདི་ནི་དགེ་རྒན་ཆེན་མོ་ལིའུ་ཧན་ཊང་གིས་ལོ་ངོ་བཅུའི་རིང་ལ་ཉམས་ཞིབ་བྱས་ཏེ་གཙོ་བོ་རྒྱའི་ཡིག་ཚང་རྙིང་པ་ཁག་གི་ནང་དུ་འཁོད་ཡོད་པའི་བོད་དང་འབྲེལ་བའི་ཡིག་ཆ་ཁག་ལ་བརྟེན་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་མིན་པའི་བདེན་དཔང་དང་སྒྲུབ་བྱེད་རྣམས་ཕྱོགས་བསྒྲིགས་ཀྱིས་ཁུངས་སྐྱེལ་བྱས་ཡོད་ཅིང་། དཔེ་དེབ་འདིའི་སྟོད་ཆ་ལ་ཤོག་གྲངས་༨༢༠་ཡོད་པ་སྟེ། ཡིག་འབྲུ་ལྔ་འབུམ་ལྔ་ཁྲི་ལྷག་དང་ནང་དོན་གཙོ་བོ་རྒྱ་ནག་གི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་དུས་སྐབས་སུ་བོད་ནི་རྒྱལ་རབས་དེ་གཉིས་ཀྱི་མངའ་ཁོངས་མིན་པ་ཁུངས་སྐྱེལ་ར་སྤྲོད་བྱས་འདུག
དཔེ་དེབ་དེའི་སྨད་ཆ་ནི་ཡོན་རྒྱལ་རབས་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དུས་སུ་རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་རྙིང་པ་ཁག་གཞི་བཅོལ་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་མིན་པ་ཁུངས་བསྐྱལ། དེབ་དེ་ཕྱིས་སུ་པར་སྐྲུན་བྱ་འཆར་ཡོད་པར་མ་ཟད། དེབ་འདིའི་སྟོད་ཆ་རྒྱ་ཡིག་གི་ཡིག་གཟུགས་རྙིང་པར་བྲིས་ནས་དཔར་དུ་བསྐྲུན་འདུག
ད་ལོའི་སྤྱི་ཟླ་༡༡་པའི་ནང་དུ་ཡིག་གཟུགས་གསར་པར་བསྒྱུར་ནས་འགྲེམ་སྤེལ་བྱ་རྒྱུ་དང་། བོད་དང་རྒྱ་ནག་ནང་ཁུལ་དུ་ཀློག་བདེ་བའི་ཆེད་དུ་གློག་རྡུལ་འཕྲུལ་དེབ་བཟོས་ནས་རིན་མེད་ཀྱིས་འགྲེམ་སྤེལ་བྱེད་རྒྱུ་དང་། རྗེས་མར་བོད་ཡིག་དང་དབྱིན་ཡིག་ལའང་ཕབ་སྒྱུར་བྱས་ནས་པར་སྐྲུན་འགྲེམས་སྤེལ་བྱ་འཅར་ཡོད་པ་རེད།