ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༢༢

རྒྱ་ནག་གིས་ཆིངས་ཡིག་བཀོལ་སྤྱོད་ལོག་པར་གཏོང་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་ཐུབ་མེད་ཀྱང་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཚོས་རྒྱ་ནག་གིས་ཆིངས་ཡིག་གསར་པ་དེ་བཀོལ་སྤྱོད་ལོག་པ་གཏོང་སྲིད། ཁོ་ཚོས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་གི་འབྲུ་དོན་ལྟར་བལ་ཡུལ་གཞུང་ལ་བོད་པ་སྐྱབས་བཅོལ་བ་ཚོ་ཁྲིམས་སར་འབོད་འགུགས་བྱེད་དུ་འཇུག་རྒྱུ་དང་བོད་པ་སྐྱབས་བཅོལ་བ་ཚོས་ཁྲིམས་འགལ་འདྲ་མིན་ཞིག་བྱེད་ཀྱིན་འདུག་ཅེས་དཔང་རྟགས་བསྡུ་རུབ་བྱེད་དུ་འཇུག་སྲིད། ཐ་ན་རྒྱ་ནག་གཞུང་གིས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་རྩ་འཛིན་བྱས་ནས་བལ་ཡུལ་གཞུང་ལ་རང་གི་ས་ཐོག་ཏུ་གནས་འཁོད་བོད་པ་སྐྱབས་བཅོལ་བ་ཚོ་རྩིས་སྤྲོད་བྱ་དགོས་པའི་གནོན་ཤུགས་སྤྲོད་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

ད་སྔ་བལ་ཡུལ་གཞུང་གིས་རྒྱ་ནག་ལ་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་ཅིག་བཞག་པའི་ནང་དོན་ཞིབ་ཕྲ་རྣམས་གསར་འགོད་པ་ཚོར་ཕྱིར་བསྒྲགས་བྱས་མེད་ཀྱང་བལ་ཡུལ་གྱི་ཁྲིམས་འཛིན་ལྷན་ཁང་དང་ཁྲིམས་ལུགས། གྲོས་ཚོགས་ཀྱི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་དྷ་ན་ར་ཇ་གྷི་ཡ་ཝ་ལི་ཞེས་པ་ཞིག་གིས་བཤད་པ་ལྟར་ན་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་གསར་དུ་མིང་རྟགས་བཀོད་པའི་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་དེར་གནད་དོན་གཙོ་བོ་གཉིས་འདུས། དེ་དག་ནི་ཁྲིམས་སར་འབོད་འགུགས་དང་དཔང་རྟགས་བསྡུ་རུབ་བྱ་དགོས་ཞེས་འཁོད། འོན་ཀྱང་ཁྲིམས་སར་འབོད་འགུགས་དང་དཔང་རྟགས་བསྡུ་རུབ་ཇི་ལྟར་བྱ་དགོས་མིན་དང་ཐག་གཅོད་ཇི་ལྟར་བྱ་དགོས་མིན་གཉིས་གསལ་པོར་འཁོད་མི་འདུག་ཅེས་བཤད། བལ་ཡུལ་གྱི་ཁྲིམས་འཛིན་ལྷན་ཁང་དང་ཁྲིམས་ལུགས། གྲོས་ཚོགས་ཀྱི་ལས་དོན་ལྷན་ཁང་གི་ལས་སྣེ་གཞན་པ་ཞིག་གིས་བདུན་སྔོན་མར་གསར་དུ་མིང་རྟགས་བཀོད་པའི་ཆིངས་ཡིག་དེ་༢༠༡༤་ལོར་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་ཅིག་བཞག་པར་གཞི་རྩ་བཅོལ་ཡོད། གྲོས་མཐུན་སྔ་ཕྱི་གཉིས་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི་ཐེངས་འདིའི་ཆིངས་ཡིག་ནང་དུ་གནད་དོན་ཐག་གཅོད་ཇི་ལྟར་བྱ་དགོས་མིན་ལ་ལོགས་སུ་ཆིངས་ཡིག་གསར་པ་ཞིག་འཇོག་དགོས་པའི་ཟུར་མཆན་བཀོད་འདུག་ཅེས་བཤད།

བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཨིན་དྷར་པར་ས་ཌི་ཨ་རི་ཡལ་གྱིས་ཧི་མ་ལ་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་ཅིག་བཞག་པ་ནི་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་རྒྱུའི་སྔ་ལྟས་ཡིན། དོན་དངོས་སུ་ང་ཚོས་རྒྱ་ནག་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་དགོས་དོན་མེད། ཅིའི་ཕྱིར་ཞེ་ན་བལ་ཡུལ་དང་རྒྱ་ནག་གི་ས་མཚམས་སྒོ་ཕྱེ་མེད། གལ་སྲིད་ང་ཚོས་ཛ་དྲག་གི་སྒོ་ནས་རྒྱལ་ཁབ་གཞན་ཞིག་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་དགོས་བྱུང་ཚེ། དེ་ནི་ང་ཚོའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ཡིན། མི་ཚོས་བལ་ཡུལ་དུ་ཁྲིམས་འགལ་བྱས་ནས་ནག་ཉེས་བསགས་པའི་རྗེས་སུ་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་བཞིན་འདུག རྒྱ་གར་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་རྒྱུ་ནི་ང་ཚོ་རང་གི་ཁེ་ཕན་ལ་འབྲེལ་བ་ཡོད། རྒྱ་ནག་གིས་ཡུན་རིང་ཞིག་ནས་བལ་ཡུལ་ལ་རྩིས་སྤྲོད་ཆིངས་ཡིག་འཇོག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ནི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་དང་ཆོས་དད་རང་དབང་གི་ཐོབ་ཐང་རྩོད་མཁན་ཚོར་ཁྲིམས་གཅོད་བྱེད་པའི་ཆེད་དུ་རེད། རྒྱ་ནག་གིས་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བ་མི་མཐུན་པ་རྣམས་བལ་ཡུལ་ནས་ཕྱིར་སློག་བྱེད་དུ་བཅུག་སྟེ་རྒྱ་ནག་གི་ས་ཐོག་ཏུ་ཁྲིམས་གཅོད་བྱེད་འདོད་ཡོད་ཅིང་། ང་ཚོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བའི་ལྷན་ཁང་ལ་བོད་པ་སྐྱབས་བཅོལ་བ་ཚོར་བདེ་འཇགས་ཀྱི་ཐར་ལམ་ཞིག་སྤྲོད་རྒྱུ་ཡིན་ཞེས་ཆིངས་ཡིག་བཞག་པས་བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་རྒྱུ་དེར་བསམ་བློ་གཟབ་ནན་གཏོང་དགོས་ཞེས་དྲན་སྐུལ་བྱས་འདུག

བལ་ཡུལ་གྱི་ཉེས་དོན་ཁྲིམས་རྩོད་པ་གྷོ་པལ་ཀིར་ཤི་ན་གྷི་མིར་གྱིས་བཤད་པ་ལྟར་ན་རྒྱ་ནག་གཞུང་གིས་ཁྲིམས་ལུགས་ལས་དོན་ཐོག་ཏུ་མཉམ་རོགས་བྱ་དགོས་པའི་ཆིངས་ཡིག་དེ་ཁ་ལ་འཁྱེར་ནས་བལ་ཡུལ་དུ་གནས་འཁོད་པ་བོད་པ་སྐྱབས་བཅོལ་བ་ཚོར་གནོན་སྡོམ་བྱེད་ཆོག རྒྱ་ནག་གིས་བལ་ཡུལ་གཞུང་ལ་བོད་པ་སྐྱབས་བཅོལ་བ་འདི་འདྲ་ཞིག་གིས་རྒྱ་ནག་གི་ས་ཐོག་ཏུ་ཁྲིམས་འགལ་གྱི་ནག་ཉེས་འདི་འདྲ་ཞིག་བསགས་སོང་། མི་དེར་བལ་ཡུལ་གཞུང་གིས་རྟོག་ཞིབ་བྱ་དགོས་ཞེས་བཤད་ཆོག དེ་འདྲ་བྱུང་ན་བོད་པ་སྐྱབས་བཅོལ་བ་དེ་དྲང་སྙོམས་མ་ཡིན་པའི་སྒོ་ནས་དམིགས་འབེན་དུ་བཟུང་བ་རེད་ཅེས་བཤད། བལ་ཡུལ་གྱི་མཐོ་རིམ་ཁྲིམས་རྩོད་པ་ས་ཏི་ཤི་ཀིར་ཤི་ན་ཁེ་རལ་ཞེས་པ་ཞིག་གིས་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་དེར་ཁྲིམས་སར་འབོད་འགུགས་དང་དཔག་རྟངས་བསྡུ་རུབ། ཐག་གཅོད་དང་ཕྱིར་ཐོབ་རྣམས་ཡིན་ཞིང་། ཆིངས་ཡིག་དེར་མིང་རྟགས་འགོད་མཁན་ཚོས་བཀོལ་སྤྱོད་ལོག་པ་གཏོང་ཆོག རྒྱལ་ཁབ་མང་པོ་ཞིག་གིས་ཆབ་སྲིད་ཀྱི་གནད་དོན་རྣམས་ཉེས་དོན་ལ་བསྒྱུར་ནས་ཁྲིམས་གཅོད་བྱེད་བཞིན་འདུག དེས་ན་རྒྱ་ནག་གཞུང་གིས་ཀྱང་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་བཀོལ་སྤྱོད་ལོག་པ་གཏོང་ངེས་རེད་ཅེས་བཤད།

རྒྱ་ནག་དང་བལ་ཡུལ་གྱི་ཁྲིམས་ལུགས་ལས་དོན་མཉམ་རོགས་ཀྱི་ཆིངས་ཡིག་དེར་ནང་གསེས་དོན་ཚན་༨་ཡོད་པ་སྟེ། ༡ དཔང་རྟགས་བསྡུ་རུབ་དང་ཚུར་ལེན། དཔང་རྟགས་ཀྱི་ཡིག་ཆ་སྤྲོད་ལེན་བྱ་རྒྱུ། ༢ འབྲེལ་ཡོད་ཀྱི་ཁྲིམས་དོན་གང་ཞིག་གམ། ཡང་ན་ས་གནས་གང་ཞིག་ལ་རྟོག་ཞིབ་བྱས་པའི་གནས་ཚུལ་དང་དཔང་རྟགས་རྣམས་མཁོ་སྤྲོད་བྱ་རྒྱུ། ༣ དངུལ་ཁང་གི་རྩིས་ཁྲ་དང་ཚོང་ལས་ཀྱི་ཡིག་ཆ་ངོ་མའམ། ཡང་ན་བདེན་དཔང་བྱས་པའི་ངོས་བཤུས་ཡིག་ཆ་ཁག་ཚུད་པའི་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་མཁོ་སྤྲོད་བྱ་རྒྱུ། ༤ སྐྱེ་བོ་དེ་དག་གང་དུ་ཡོད་པ་རྩད་གཅོད་དང་ངོ་ཐག་གཅོད་རྒྱུ། སྔོག་བཤེར་དང་རྒྱུ་དངོས་བཙན་ལེན་བྱ་རྒྱུ། ༥ ཉེས་དོན་གང་ཞིག་ལ་མཉམ་རོགས་བྱེད་ཐུབ་པའི་སྐྱེ་བོ་རྣམས་ཁྲིམས་སར་བཅར་དུ་འཇུག་རྒྱུའི་མཐུན་སྦྱོར་བྱ་རྒྱུ། ༦ འབོད་འགུགས་ཀྱི་སྲི་ཞུ་བསྒྲུབ་རྒྱུ། ༧ འཁྱེར་སྐྱེལ་ཐུབ་པ་དང་མི་ཐུབ་པའི་མཁར་དངོས་སོགས་བཙན་ལེན་དང་གཞུང་བཞེས་གཏོང་རྒྱུ། ༨ ཐག་གཅོད་ལག་ལེན་བསྟར་རྒྱུ་བཅས་ཡིན་ཞིང་། ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་བལ་ཡུལ་གཞུང་གིས་སྐྱེ་བོ་རྩིས་སྤྲོད་ཆིངས་ཡིག་དེར་མིང་རྟགས་འགོད་མ་ཐུབ་པར་རྒྱ་ནག་གཞུང་གཏན་ནས་དགའ་མོས་བྱུང་མེད་པ་རེད།

XS
SM
MD
LG