༄༅།། རྒྱ་ནག་དང་བལ་ཡུལ་གཞུང་གཉིས་ཀས་ཟླ་བ་འདིར་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུའི་ཚེས་གྲངས་རྣམས་ཕྱིར་བསྒྲགས་བྱས་མེད་ཀྱང་ཕྱི་ཟླ་༡༠་ཚེས་༡༣་ཉིན་ཞིས་ཅིན་ཕིང་རྒྱ་གར་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་འབྱོར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། བལ་ཡུལ་གཞུང་གིས་ཉིན་ཤས་སྔོན་ནས་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲི་དེར་སྣེ་ལེན་གཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཞིས་ཅིན་ཕིང་གི་ཐེངས་འདིའི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་འཇོག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། བལ་ཡུལ་གཞུང་གིས་རྩིས་སྤྲོད་ཆིངས་ཡིག་དེ་གྲ་སྒྲིག་བྱས་ཟིན་ཡོད་ཀྱང་བློན་ཆེན་ཁག་གིས་ཆིངས་ཡིག་གི་ཟིན་བྲིས་དེར་མོས་མཐུན་ཡོད་པའི་རྒྱབ་སྐྱོར་མཚན་རྟགས་བཀོད་མེད་པར་བརྟེན། ཞིས་ཅིན་ཕིང་གི་འཚམས་འདྲིའི་སྔོན་ལ་བལ་ཡུལ་གཞུང་གིས་རྩིས་སྤྲོད་ཆིངས་ཡིག་དེ་གྲ་སྒྲིག་བྱ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། གལ་སྲིད་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་རྩིས་སྤྲོད་ཆིངས་ཡིག་དེར་མིང་རྟགས་བཀོད་ཚེ། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཁྲིམས་འགལ་ཉེས་ཅན་དུ་བརྩིས་པའི་མི་རྣམས་ཕན་ཚུན་རྩིས་སྤྲོད་བྱ་དགོས་ཐུག་གི་ཡོད་པ་རེད།
ཉམས་ཞིབ་པ་ཚོས་རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་གཞུང་གིས་རྩིས་སྤྲོད་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ན་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་སྔར་ལས་དཀའ་ངལ་ཇེ་ཆེར་འགྲོ་སྲིད་པར་མ་ཟད། རྒྱ་ནག་གཞུང་གིས་བལ་ཡུལ་ལ་བོད་པ་བཙན་བྱོལ་བ་རྣམས་ཁྲིམས་འགལ་ཉེས་ཅན་ཡིན། ཁོ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཞེས་གནོན་ཤུགས་སྤྲད་ནས་བལ་ཡུལ་གཞུང་གིས་རང་གི་ས་ཐོག་ཏུ་གནས་འཁོད་བོད་པ་བཙན་བྱོལ་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཐུག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་པ་བཙན་བྱོལ་བ་རྣམས་སྲིད་དོན་སྐྱབས་བཅོལ་བ་མིན། ཁོ་ཚོ་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཉེས་ཅན་ཁྲིམས་འགལ་བ་ཡིན། རྒྱལ་ཁབ་གང་ཞིག་གིས་བོད་པ་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་བྱེད་ན་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་སྔ་བལ་ཡུལ་གཞུང་གིས་ས་མཚམས་ནས་འཛིན་བཟུང་བྱས་པའི་བོད་པ་བཙན་བྱོལ་འགའ་ཞིག་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་མ་གཏོགས་༡༩༥༩་ནས་བལ་ཡུལ་དུ་གཞིས་ཆགས་ཡོད་པའི་བོད་པ་བཙན་བྱོལ་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་མྱོང་མེད་པ་རེད།
བལ་ཡུལ་གཞུང་གིས་རྒྱ་གར་ལའང་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་བཞག་མེད་པས་རྒྱ་ནག་ལ་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་འཇོག་རྒྱུ་དེར་བསམ་བློ་གཟབ་ནན་གཏོང་དགོས། འདི་ནི་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་དོན་ལ་འབྲེལ་བ་ཡོད། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་དགོས་མིན་ལ་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་གིས་གྲོས་བསྡུར་ལྷུག་པོ་བྱས་ནས་ཐག་གཅོད་བྱ་དགོས། རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་གཞུང་གིས་ནམ་ཡང་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་མི་ཉན་ཞེས་ཉམས་ཞིབ་པ་ཚོས་ཉེན་བརྡ་བཏང་འདུག བདུན་ཕྲག་སྔོན་མའི་གཟའ་སྤེན་པ་ནས་བལ་ཡུལ་གཞུང་གིས་ཊི་རི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་ཞིས་ཅིན་ཕིང་ལ་ཕེབས་བསུ་ཇི་ལྟར་ཞུ་དགོས་མིན་གྱི་སྦྱོང་བརྡར་བྱེད་དུ་བཏང་སྟེ་རྒྱ་ལམ་རྒྱ་བསྐྱེད་དང་མཛེས་རྒྱས་སྤྲས་པ། སྲིད་བློན་ཤཱར་མ་ཨོ་ལིས་ཀོར་ཁ་པཏྼ་གཞུང་གཉེར་གསར་འགྱུར་ལས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཡུན་རིང་མི་འགོར་པར་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཅེས་ངེས་གཏན་བྱས་ཀྱང་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲི་དེའི་ཚེས་གྲངས་རྣམས་ཕྱིར་བསྒྲགས་བྱས་མེད་པ་རེད།
ཕྱི་ཟླ་༡༠་པའི་ཚེས་༡༡་ནས་༡༣་བར་དུ་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་རྒྱ་གར་ནས་ཕྱིར་ལམ་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་ཕེབས་རྒྱུའི་མཛད་རིམ་གཏན་འབེབས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་གནད་དོན་གང་འདྲ་ཞིག་ལ་གྲོས་བསྡུར་བྱ་འཆར་ཡོད་མེད་དང་གྲོས་མཐུན་གསར་པ་འཇོག་འཆར་ཡོད་མེད་སོགས་གསལ་པོ་ཞིག་མེད་ཅིང་། ཟླ་བ་སྔོན་མར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོར་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲི་དེར་གྲོས་བསྡུར་བྱས་ནས་སྔོན་འགྲོའི་གྲ་སྒྲིག་ཞིབ་ཚགས་བྱུང་ཡོད། བལ་ཡུལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུ་ནས་བོད་ཀྱི་སྐྱིད་གྲོང་རྫོང་བར་དུ་རྒྱ་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་འཇོག་འཆར་ཡོད། སྐྱིད་གྲོང་བར་དུ་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་བོད་ལ་ཚོང་ལས་གཉེར་དུ་སྐྱོད་མཁན་བལ་བོའི་ཚོང་པ་རྣམས་དང་གངས་ཏེ་སེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་བསྐྱོད་པར་དགོས་ཀྱི་འགྲུལ་ལམ་ཞིག་ཡིན་ཞེས་བཤད།
རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བ་དམ་ཟབ་འགྲོ་བཞིན་པ་འདིར་རྒྱ་གར་གྱིས་བློ་དོགས་ཆེན་པོ་བྱེད་ཀྱི་ཡོད་པས་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་སྐབས་སུ་པེ་ཅིང་དང་ཀ་ཐེ་མན་རྡུའི་འབྲེལ་བ་དེ་གནད་འགག་ཆུང་ཆུང་ཞིག་ལ་སྒྱུར་ཐབས་བྱ་རྒྱུ། རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཡོད་དོ་ཅོག་ལ་དཔལ་འབྱོར་དང་ཚོང་ལས། རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ། མི་དམངས་དང་མི་དམངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་ཅེས་བཏང་སྙོམས་ཀྱི་རྣམ་འགྱུར་ཞིག་སྟོན་རྒྱུ་གཙིགས་སུ་བཟུང་འདུག བལ་ཡུལ་གྱི་འཚམས་འདྲི་གྲུབ་པའི་རྗེས་སུ་ཞིས་ཅིན་ཕིང་གིས་པེ་ཅིང་དུ་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ལའང་ཐུག་འཕྲད་གྲོས་མོལ་འཆར་ཡོད་འདུག་ཅེས་གསར་འགྱུར་ཐོན། ༡༩༩༦་ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ་དང་། ༡༩༨༢་ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ལི་ཞན་ཉཱན་བལ་ཡུལ་ལ་འཚམས་འདྲིར་ཕེབས་ནས་བཟུང་། ཞིས་ཅིན་ཕིང་གི་འཚམས་འདྲི་འདི་རྒྱ་ནག་གི་སྲིད་འཛིན་ཞིག་ལོ་མང་རྗེས་སུ་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་དེར་འགྱུར་གྱི་ཡོད་ཀྱང་དེའི་བར་དུ་ཀྲུའུ་རོང་ཇཱི་དང་ཝེན་ཅ་པའོ་སོགས་རྒྱ་ནག་གི་སྲིད་བློན་རྣམས་སྔ་རྗེས་སུ་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཡོད། བལ་ཡུལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་མཉམ་ཞུགས་བྱེད་ཀྱི་ཡོད་པར་རྒྱ་གར་གྱིས་དོགས་ཟོན་དང་མ་དགའ་བའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱི་ཡོད་པ་རེད།།