ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༢/༡༣

ཞིང་པར་སྒེར་བདག་ས་ཞིང་མེད་པའི་དཀའ་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ཏུ་ས་ཞིང་ཐམས་ཅད་རྒྱལ་ཁབ་ལ་དབང་བའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་ལམ་ལུགས་དེས་རྒྱ་ནག་གི་ཞིང་པ་རྣམས་ཀྱིས་སོ་སོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་བཀག་རྒྱ་ཆེན་པོ་ཐེབས་བཞིན་འདུག་ཅེས་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་དཔྱད་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག

རྩོམ་ཡིག་དེར་འཁོད་དོན་ལྟར་ན་རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པའི་གྲས་ཀྱི་ཕྱེད་ཀ་ཞིང་པ་ཡིན། ད་སྔ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་ནི་ཧ་ཅང་གི་ཡར་ཐོན་དང་ཞིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ནི་ཧ་ཅང་གི་རྗེས་ལུས་ཡིན་པར་མ་ཟད། ཞིང་པ་རྣམས་ཀྱི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཀྱང་ལོ་རེ་བཞིན་ཞིང་ཁུལ་གྱི་དཔལ་འབྱོར་དང་ཞིང་པ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་ལ་དམིགས་པའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཁུལ་གྱི་དཔལ་འབྱོར་གནས་སྟངས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཤོར། གྲོང་ཁྱེར་དང་ཞིང་ཁུལ་གི་དཔལ་འབྱོར་འཕེལ་རྒྱས་ལ་འདི་ལྟ་བུའི་བར་ཁྱད་ཤོར་པའི་འགག་རྩ་ནི་རྒྱ་ནག་གི་ས་ཞིང་བདག་དབང་ཞིང་པ་སྒེར་ལ་མི་དབང་བར་རྒྱལ་ཁབ་ལ་དབང་བའི་སྲིད་ཇུས་འདིར་ཐུག་ཅེས་དབྱེ་ཞིབ་ཚོས་བཤད་འདུག

ས་ཞིང་རྒྱལ་ཁབ་གཞུང་ལ་དབང་བའི་ལམ་ལུགས་ནི་རྒྱ་ནག་གི་གུང་ཁྲན་རིང་ལུགས་ཀྱི་གསར་བརྗེའི་ཁ་གཡང་གཙོ་བོ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གཞུང་ལུགས་ཀྱི་རྒྱབ་བརྟེན་ཡིན་པས་ལམ་ཁ་འདི་ལྡོག་རྒྱུ་ནི་ཞིང་པ་རྣམས་ལ་མཚོན་ན་བློ་ཡུལ་དུ་འཆར་དཀའ་བའི་གནད་དོན་ཞིག་ཏུ་གྱུར། དེས་ན་ས་ཞིང་རྒྱལ་ཁབ་ལ་དབང་བའི་ལམ་ལུགས་འདིས་ཞིང་པ་རྣམས་ཀྱིས་ས་ཞིང་ཐོག་ཏུ་ཚད་མེད་པའི་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་རྒྱུར་ཚད་བཀག་ཆེན་པོ་ཞིག་བཟོས་ཡོད་པས་ཞིང་པ་མང་ཚོགས་ཀྱི་འཚོ་བར་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་རེད།

ད་ལོའི་མགོ་སྟོད་དེར་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གི་གཏམ་བཤད་ཅིག་གི་ནང་དུ་ཞིང་ཁུལ་གྱི་གནས་སྟངས་ཡར་རྒྱས་སོང་ན་རྒྱལ་ཁབ་ཀྱི་གནས་སྟངས་ཡར་རྒྱས་འགྲོ་ཐུབ། ཞིང་ཁུལ་གྱི་གནས་སྟངས་ཉམས་རྒུད་ཕྱིན་ན་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་ཉམས་རྒུད་འགྲོ་བར་འགྱུར་ཞེས་ཞིང་ཁུལ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོར་བརྩིས། ད་ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་བཙུགས་ནས་ལོ་༧༠་ཧྲིལ་པོ་འཁོར་བའི་རྒྱལ་སྟོན་དུས་ཆེན་གཟབ་རྒྱས་ཞིག་འཚོགས་བཞིན་པའི་སྐབས་འདིར་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་ཞིང་པ་མང་ཚོགས་ཀྱི་འཚོ་བར་བཅོས་སྒྱུར་གཏོང་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་ཅིང་། འདས་པའི་ལོ་༤༠་མ་ཟིན་ཙམ་གྱི་ནང་དུའང་རྒྱ་ནག་གཞུང་གིས་ས་ཞིང་སྒེར་ལ་བགོས་པ་སོགས་ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་པའི་དཔལ་འབྱོར་ལམ་ལུགས་ལ་མིག་དཔེ་བལྟས་ནས་འགྱུར་བ་མང་པོ་ཞིག་བཏང་བར་གྲུབ་འབྲས་ཀྱང་གང་འཚམ་ཞིག་ཐོན་ཡོད།

ད་ལྟའི་བར་དུ་ས་ཞིང་གི་བདག་དབང་རྒྱལ་ཁབ་ལ་དབང་བའི་ལམ་ལུགས་འདིར་འགྱུར་བ་གཏན་ནས་བཏང་མེད་པས་ཞིང་པ་ཚོས་ས་ཞིང་ཚུར་ཉོ་ཕར་བཙོང་། ས་ཞིང་གླ་གཏོང་། ས་ཞིང་གཏའ་མར་བཞག་ནས་སྒོར་མོ་བསྐྱི་རྒྱུ། ས་ཞིང་རྒྱ་ཆེན་པོ་བེད་སྤྱོད་བཏང་ནས་དཔལ་འབྱོར་གྱི་ལས་དོན་ཆེན་པོ་གཉེར་རྒྱུ་སོགས་ཞིང་པའི་དཔལ་འབྱོར་ཡོང་སྒོ་མང་དུ་གཏོང་རྒྱུའི་ལམ་ཁ་མང་པོ་ཞིག་ལ་ཚད་བཀག་བཟོས། ཞིང་པ་རྣམས་གྲོང་ཁྱེར་དུ་ཕྱིན་ནས་ཚོང་ལས་གཉེར་ཀྱང་སོ་སོར་ཡོད་པའི་ས་ཞིང་གི་རྒྱུ་ནོར་བདག་དབང་སོ་སོར་མི་དབང་བའི་སྟབས་ཀྱིས་ས་ཞིང་ལ་བརྟེན་ནས་ཚོང་ལས་གཉེར་རྒྱུར་མཐུན་རྐྱེན་ཅི་ཡང་བསྐྲུན་མི་ཐུབ། སྤྱི་ལོ་༢༠༡༨་ལོར་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན་རྒྱ་ནག་གི་གྲོང་ཁྱེར་གྱི་མིའི་དཔལ་འབྱོར་གྱི་ཡོང་སྒོ་དེ་ཞིང་ཁུལ་གྱི་ཞིང་པའི་ཡོང་སྒོ་ལས་ལྡབ་གསུམ་མང་བ་ཡོད་ཅིང་། བར་ཁྱད་དེ་༡༩༧༨་ལོར་རྒྱ་ནག་གིས་ཐོག་མར་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གཏོང་བཞིན་པའི་སྐབས་དང་གཅིག་མཚུངས་སུ་ལུས་ཡོད་པ་རེད། ད་དུང་རྒྱ་ནག་གི་མི་འབོར་ཕྱེད་ཀ་ལྷག་ཟིན་པའི་ཞིང་པ་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ནི་རྒྱ་ནག་གི་རྒྱལ་ཁབ་སྤྱིའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད། ཞིང་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་འགྲོ་མིན་ནི་ས་ཞིང་གི་བདག་དབང་ཞིང་པ་ཚོར་དབང་མིན་ལ་འབྲེལ་བ་འདུག་ཅེས་རྩོམ་ཡིག་དེར་དབྱེ་ཞིབ་བྱས་འདུག

XS
SM
MD
LG