འདས་པའི་ཟླ་བ་གཉིས་ལྷག་གི་རིང་ཧོང་ཀོང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་བཅོས་སྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཐེངས་ཁ་ཤས་སྤེལ་ཡོད་པ་དང་། གནས་ཚུལ་འདིའི་ཐད་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་མང་པོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་གནོན་ཤུགས་ཆེ་ཞིང་གསར་འགོད་རང་དབང་ཡིན་པའི་ཧོང་ཀོང་གི་སྤྱི་ཚོགས་ཁོར་ཡུག་འདིའི་ནང་དུ་ཛ་དྲག་གི་ངང་དུ་ཡོད་པའི་ངོ་རྒོལ་ལས་འགུལ་འདི་ཅི་ལྟར་ཞི་འཇམ་དུ་གཏོང་བའམ། ཧོང་ཀོང་གི་ངོ་རྒོལ་བ་དག་གི་དགོས་འདུན་དོན་ཚན་ཁག་ཅི་ལྟར་ཐག་གཅོད་བྱ་རྒྱུའི་ཐད་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཁ་གཡར་ས་སྣ་ཚོགས་བཙལ་ནས་རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ཀྱི་མི་རིགས་རིང་ལུགས་ཀྱི་བསམ་བློར་སྐུལ་སློང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་མི་དམངས་ཉིན་རེའི་ཚགས་པར་དང་དེའི་ཁོངས་གཏོགས་ཡིན་པའི་གོ་ལའི་དུས་བབས་ཞེས་པའི་གསར་འགྱུར་བརྒྱུད་ལམ་དུ་ཧོང་ཀོང་ངོ་རྒོལ་ལས་འགུལ་འདིའི་ཐད་ལྡོག་ཕྱོགས་ཀྱི་ཁྱབ་བསྒྲགས་སྣ་ཚོགས་བྱས་པ་ལ་བརྟེན་ནས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་འདིར་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་དེ། རྒྱ་ནག་ཐྰན་ཅིན་གྲོང་ཁྱེར་གྱི་བཟོ་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་པའི་པད་ལིན་ཟེར་བ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་པ་ལྟར་ན། ཁོ་རང་ཁྱིམ་ནས་ལས་ཁུངས་སུ་ཕྱིན་པའི་དུས་ཡུན་ཆུ་ཚོད་གཅིག་གི་རིང་ལ་མི་གསུམ་གྱིས་ཁ་གཅིག་གྲགས་ཀྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་སྡང་ཟུག་གིས་སྐྱོན་བརྗོད་བྱས་ཤིང་གཞུང་གིས་དམག་མི་བཏང་ནས་ཧོང་ཀོང་གི་གནས་ཚུལ་འདི་ཞི་འཇམ་ཏུ་གཏོང་དགོས་པའི་འདོད་ཚུལ་བཤད་ཡོད་པ་དང་། དེའི་གྲས་སུ་ཁོའི་ཕ་རྒན་གྱིས་བཤད་ན། ཧོང་ཀོང་གིས་དུས་ཚོད་སྔ་རྗེས་མ་གཏོགས་རྙོག་དྲ་སློང་ངེས་པས་རྒྱལ་ཁབ་ཀྱིས་དམག་མི་བཏང་ནས་དྲག་སྤྱོད་པ་འདི་དག་ལ་ཉེས་ཆད་གཅོད་རན་འདུག་ཅེས་དང་། ཡང་ཁོ་རང་འདུག་སའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བས། རྒྱ་ནག་སྐམ་ས་ཆེན་མོས་ཧོང་ཀོང་ལ་དམིགས་བསལ་གྱི་སྲིད་ཇུས་ཡག་པོ་མང་པོ་ཞིག་ལག་བསྟར་བྱས་ཡོད་ལ། ཁྱད་པར་དུ་ཨེ་ཤེ་ཡའི་གླིང་དུ་དངུལ་རྩའི་ཉམས་ཉེས་བྱུང་བའི་སྐབས་སུ་ཧོང་ཀོང་ཉམས་ཉེན་ལས་བསྐྱབས་ཡོད་ནའང་། ད་དུང་དེ་དག་གི་བཀའ་དྲིན་མི་ཤེས་པར་ངོ་རྒོལ་བྱེད་བཞིན་ཡོད་པས། ཁོ་ཚོའི་སྟེང་ལ་དམག་མི་བཏང་ནས་བསམ་ཤེས་སུ་འཇུག་རན་ཅེས་དང། ཡང་ཁོ་ཚོའི་བཟོ་ཚོང་ཁང་གི་མགོ་ཁྲིད་ཀྱིས། ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་མི་བཟང་བའི་སྟེང་ལ་ཧོང་ཀོང་དུ་འདི་ལྟར་རྙོག་དྲ་བསླངས་བས་ཤུགས་རྐྱེན་ཆེ་རུ་ཕྱིན་སོང་། རྒྱལ་ཁབ་ཀྱིས་མྱུར་དུ་གནས་ཚུལ་འདི་ཞི་འཇམ་སུ་གཏོང་རན་འདུག་ཅེས་བཤད་ཡོད་པ་སོགས་ནི་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་གྱི་ལྡོག་ཕྱོགས་ཀྱི་ཁྱབ་བསྒྲགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་པ་དང་། གཞན་ཡང་པད་ལེན་གྱིས་ཁོའི་ཨ་ནེ་ནི་རྒྱུན་ཏུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ངན་སྐུལ་དང་ཇུས་འཐེན་པ་ཡིན་པའི་གླེང་སློང་བྱེད་རྒྱུར་དགའ་བ་དང་། དེ་ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་ཕྱིའི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་བཤད་སྲོལ་གྱི་ཤུགས་རྐྱེན་ཐེབས་པ་ཡིན་པའི་སྐོར་ཀྱང་བཤད་འདུག ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མགོར་ཧོང་ཀོང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་བཅོས་སྒྱུར་ལ་ངོ་རྒོལ་ལས་འགུལ་ལས་འགུལ་ཐོག་མར་སྤེལ་སྐབས་རྒྱ་ནག་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་གནས་ཚུལ་དེ་དང་འབྲེལ་བའི་ནང་དོན་ཁག་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་ཁྱབ་པར་དམ་དྲག་ནན་མོ་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་མོའི་མི་རྣམས་ལ་གནས་ཚུལ་དེ་གཏན་ནས་ཤེས་སུ་བཅུག་མེད་ནའང་། ངོ་རྒོལ་ལས་འགུལ་འདི་གཞི་རྒྱ་ཆེ་ནས་ཆེ་རུ་ཕྱིན་ཏེ་མཐའ་མར་བརྒྱུད་ལམ་ཁག་ནས་མི་བཤད་རང་བཤད་ལྟ་བུ་ཆགས་ཤིང་། སྤྱི་ཟླ་བདུན་པ་ནས་བཟུང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནས་ཚུལ་འདིར་འཁྱོག་བཤད་བྱས་ཏེ་ངོ་རྒོལ་ལས་འགུལ་འདི་ཕྱིའི་རྒྱལ་ཁབ་ཀྱིས་ངན་སྐུལ་བྱས་པ་ཡིན་ཚུལ་དང་། ངོ་རྒོལ་བ་ཚོས་ཚད་ལས་བརྒལ་བའི་དྲག་སྤྱོད་སྤེལ་གྱི་ཡོད་པ། ཧོང་ཀོང་རང་བཙན་གྱི་དམིགས་ཡུལ་ཡིན་པ་སོགས་ལྡོག་ཕྱོགས་ཀྱི་ཁྱབ་བསྒྲགས་མང་པོ་བྱས་ཤིང་། བདུན་ཕྲག་འདིར་རྒྱ་ནག་གི་གསར་འགོད་པའི་ཐོབ་དཔང་སོགས་ཅི་ཡང་མེད་པའི་གོ་ལའི་དུས་བབས་ཀྱི་གསར་འགོད་པ་ཡིན་ཟེར་མཁན་ཞིག་ལ་ཧོང་ཀོང་གནམ་ཐང་གི་ངོ་རྒོལ་བས་གཅར་རྡུང་བྱས་པའི་གནས་ཚུལ་ཞིག་བྱུང་བ་བཅས་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འུད་ཆེན་པོས་ཁྱབ་བསྒྲགས་བྱས་ཏེ་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལག་ཆ་བྱས་ཏེ་ཧོང་ཀོང་མི་དམངས་ལ་སྡང་ཟུག་དང་ཁོང་ཁྲོ་སློང་རྒྱུའི་བྱ་སྤྱོད་སྤེལ་ཡོད་ཅིང་། གནས་ཚུལ་དེ་ལ་བརྟེན་ནས་དངོས་ཡོད་གནས་སྟངས་ཤེས་ཐུབ་ཀྱི་མེད་པའི་རྒྱ་ནག་སྐམ་ས་ཆེན་མོའི་མི་ཁག་ཅིག་གིས་་ཀྱང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ནི་ལུགས་མཐུན་མ་ཡིན་པ་ཞིག་ལ་ངོས་འཛིན་བཞིན་པ་རེད།།