ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་དང་ཐེ་ཝན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཉེ་ཆར་ཐེ་ཝན་མཚོ་འགག་ཏུ་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་དམག་སྦྱོང་བྱས་ཏེ་ཕྱོགས་གཉིས་ཀྱི་འགལ་ཟླའི་ཛ་དྲག་ཆེ་རུ་ཕྱིན་ཡོད་པའི་སྐབས་འདིར་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རིག་བརྗེ་རེས་ཀྱི་ཡུལ་སྐོར་སྡེ་ཚན་དྲྭ་བར་གསལ་བསྒྲགས་ཤིག་སྤེལ་ཏེ། སྤྱི་ཟླ་༨་ཚེས་༡་ནས་བཟུང་སྟེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་སྒེར་པ་རྣམས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མི་ཆོག རྒྱ་ནག་གི་གྲོང་ཁྱེར་༤༧་གྱི་ནང་དུ་ཐེ་ཝན་ལ་འགྲོ་མཁན་མི་མང་སྒེར་པའི་ཡུལ་སྐོར་སྤྲོ་འཆམ་པའི་སྲི་ཞུ་བསྒྲུབ་ས་ཡོད་པ་རྣམས་ཡོངས་སུ་མཚམས་འཇོག་བྱས་འདུག

རྒྱ་གཞུང་གི་གསལ་བསྒྲགས་དེའི་ནང་དུ་རྒྱ་ནག་གི་མི་མང་སྒེར་པ་རྣམས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུར་བཀག་འགོག་བྱས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་ཀྱང་རྒྱ་ནག་གཞུང་གིས་ཐེངས་དང་པོར་རང་གི་སྤྱི་དམངས་སྒེར་པ་རྣམས་ཐེ་ཝན་ལ་རང་དབང་གི་སྒོ་ནས་འགྲོ་སྐྱོད་བྱ་རྒྱུ་དེར་བཀག་འགོག་བྱས་ཡོད་ཅིང་། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་འགྲེལ་བཤད་གཅིག་ཀྱང་བརྒྱབ་མ་པར་རྒྱ་ནག་རང་ངོས་ནས་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་གཏོར་བརླག་བྱས་ཏེ་རྒྱ་ནག་གི་སྤྱི་དམངས་རྣམས་ཐེ་ཝན་ལ་རང་དབང་གི་ངང་དུ་འགྲོ་སྐྱོད་བྱ་རྒྱུ་དེར་བཀག་འགོག་བྱས་པ་རེད་ཅེས་ངོ་རྒོལ་བྱས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག

འདས་པའི་ཉམས་མྱོང་ལྟར་ན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཀྱི་དུས་ཚོད་སླེབས་གྲབས་ཡོད་པའི་ཟླ་བ་གསུམ་དང་བཞིའི་སྔོན་ནས་ཐེ་ཝན་ལ་འགྲོ་མཁན་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་པ་ཁག་གི་མི་གྲངས་ཉུང་དུ་གཏོང་བ་སོགས་ཚོད་འཛིན་བྱེད་ཀྱི་ཡོད་ཀྱང་༢༠༢༠་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་པར་ད་དུང་ལོ་ཕྱེད་ལྷག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཟླ་ཤས་སྔོན་ནས་རང་གི་སྤྱི་དམངས་སྒེར་པ་རྣམས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་བྱེད་དུ་བསྐྱོད་རྒྱུ་ཚོད་འཛིན་བྱེད་ཀྱི་པ་ནི་ནམ་རྒྱུན་དང་མི་འདྲ་བ་ཞིག་རེད། འདི་ལ་རྒྱ་ནག་མི་དམངས་ཀྱིས་ཀྱང་དྲྭ་ལམ་ཏུ་དཔྱད་བརྗོད་སྤེལ་བཞིན་ཡོད་པ་སྟེ། མི་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུར་དམིགས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་པར་མ་ཟད། མི་ཁ་ཤས་ཀྱིས་ཧོང་ཀོང་མི་དམངས་ཀྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་ཞིག་གཏན་འབེབས་དགོས་པ་དེར་ངོ་རྒོལ་བྱས་ནས་ཐེ་ཝན་གྱིས་ཧོང་ཀོང་གི་ལས་འགུལ་སྤེལ་ལ་རྒྱབ་སྐྱོར་བྱས་པར་རྒྱ་ནག་གིས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་པ་བཀག་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་རེད་ཅེས་བཤད།

མི་ཁ་ཤས་ཀྱིས་ཟླ་བ་འདིའི་མགོ་སྟོད་དེར་ཨ་རིས་ཐེ་ཝན་ལ་མཚོན་ཆ་འབོར་ཆེན་བཙོངས་པར་འབྲེལ་བ་འདུག་ཅེས་གླེང་། སྤྱིར་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ནི་རྒྱ་ནག་གཞུང་གིས་ཕྱི་ལ་ཁ་གཏད་གཅོག་པར་གནོན་ཤུགས་སྤྲོད་ཐབས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་རུ་སོང་ཞིང་། རྒྱ་ནག་གཞུང་གིས་སྔོན་ནས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་སྡེ་གཏོང་རྒྱུའི་གྲངས་ཀ་ཉུང་དུ་བཏང་སྟེ་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་ཁ་གཏད་གཅོག་གི་ཡོད་མོད། འོན་ཀྱང་ད་ལྟའི་བར་དུ་སྐྱེ་བོ་སྒེར་པ་རྣམས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུ་དེར་ཚོད་འཛིན་བྱས་མྱོང་མེད་པས་ཐེངས་འདིའི་རྒྱ་ནག་གི་བྱེད་སྟངས་དེ་ཧ་ཅང་གི་ཁྱད་མཚར་ཞིག་ཏུ་གྱུར་འདུག

དབྱེ་ཞིབ་པ་ཚོས་ཟླ་འདི་ནས་ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཀྱི་བར་དུ་རྒྱ་ནག་ནས་ཐེ་ཝན་ལ་འགྲོ་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཉུང་དུ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཕྱི་ཟླ་༨་ཚེས་༡་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་གསར་འགོད་པ་ཚོར་རྒྱ་ནག་གཞུང་གི་བྱེད་སྟངས་འདི་འཐབ་ཇུས་ཀྱི་ངོས་ནས་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད། རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་བཀོལ་སྤྱོད་གཏོང་གི་ཡོད་པ་འདིས་ཐེ་ཝན་མི་དམངས་ལ་ཕོག་ཐུག་བཏང་སྟེ་སྡང་སེམས་སློང་གི་འདུག ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་དང་རྫོང་རིམ་པ། གྲོང་ཁྱེར་སོགས་གང་ཞིག་ཡིན་རུང་ཐེ་ཝན་མི་དམངས་ལ་བག་ཆགས་ངན་པ་ཞིག་འཇོག་ངེས་རེད་ཅེས་བཤད་འདུག

XS
SM
MD
LG