ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ངོ་དེབ་ཀྱིས་ཧྭ་ཝེ་ལ་མཉམ་འབྲེལ་མཚམས་འཇོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་སྤྱིའི་སྟེང་གི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་བརྒྱུད་ལམ་ཆེ་ཤོས་ངོ་དེབ་ཀྱིས་ངོ་དེབ་དང་ངོ་དེབ་ཀྱི་བདག་གཉེར་ཁྱབ་ཁོངས་སུ་ཡོད་པའི་ཝ་ཚི་ཨབ་དང་ཨིན་སི་ཊི་གྷེ་རམ་སོགས་འབྲེལ་མཐུད་དྲ་རྒྱའི་མཉེན་ཆས་རྣམས་རྒྱ་ནག་གི་ཧྭ་བས་བཟོ་ཚོང་ཁང་གིས་བཟོས་པའི་ཧྭ་ཝེ་ཁ་པར་ནང་དུ་ཕབ་ལེན་བྱེད་མི་ཐུབ་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ་འདུག

དེ་རིང་སྤྱི་ཟླ་དྲུག་པའི་ཚེས་བདུན་གྱི་ཉིན་རོ་ཡེ་ཊར་གསར་འགྱུར་ཁང་གིས་ཨ་རིའི་གཞུང་གི་སྲིད་འཛིན་གྱིས་བཀའ་ཁྱབ་བཏང་སྟེ་ཧྭ་ཝེའི་བརྡ་འཕྲིན་མ་ལག་རྣམས་ཨ་རིའི་ནང་དུ་བཀག་འགོག་བྱས་པའི་རྗེས་སུ་རྒྱལ་སྤྱིའི་བརྡ་འཕྲིན་ཁང་ཁག་ཅིག་གིས་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་གྲས་ཀྱི་གཅིག་ནི་ངོ་དེབ་ཡིན་ཞིང་། ངོ་དེབ་བརྡ་འཕྲིན་བཟོ་ཚོང་ཁང་གིས་རོ་ཡེ་ཊར་གསར་ཁང་ལ་ངོ་དེབ་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བརྡ་འཕྲིན་མཉེན་ཆས་ཁག་མ་འོངས་པར་ཧྭ་ཝེའི་ཁ་པར་ནང་དུ་ཕབ་ལེན་བྱེད་དུ་འཇུག་རྒྱུ་མིན་པའི་ཐག་གཅོད་བྱུང་རུང་ད་སྔ་ཧྭ་ཝེའི་ཁ་པར་ནང་དུ་ངོ་དེབ་ཀྱི་མཉེན་ཆས་རྣམས་བེད་སྤྱོད་གཏོང་བཞིན་པ་དེར་མུ་མཐུད་དུ་མཉེན་ཆས་ཕབ་ལེན་དང་གསར་སྒྱུར་བྱེད་དུ་འཇུག་རྒྱུ་ཡིན་པའི་གསལ་བཤད་བྱས་འདུག

རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་རིས་ཧྭ་ཝེའི་བརྡ་འཕྲིན་མ་ལག་རྣམས་བཀག་འགོག་བྱས་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པའི་འགྲེལ་བཤད་རྒྱག་གི་ཡོད་ཀྱང་རྒྱལ་ཁབ་མང་པོ་ཞིག་གི་ཁྲོམ་རའི་ནང་དུ་ཧྭ་ཝེའི་ཁ་པར་ཚོང་འགྲེམ་གྱི་ཚད་གཞི་ཉུང་རུ་ཕྱིན་ཡོད་པར་མ་ཟད། ཧྭ་ཝེའི་ཁ་པར་གྱི་རིན་གོང་ཆག་ཡོད་ཅིང་། ཨ་མི་རི་ཀས་ཧྭ་ཝེའི་ཁ་པར་གྱི་བརྒྱུད་ལམ་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པས་སྤྱི་སྒེར་གཉིས་ཀྱི་གསང་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་གཞུང་གིས་རྐུ་འཁྱེར་བྱེད་ཐུབ་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཁག་ཅིག་གི་གློག་འཕྲིན་བཟོི་ཚོང་ཁང་དང་མཉེན་ཆས་བཟོ་ཚོང་ཁང་ཁག་གིས་ཧྭ་ཝེ་་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་བཅས་ལ་བརྟེན་ནས་མི་མང་པོ་ཞིག་གིས་མུ་མཐུད་དུ་ཧྭ་ཧ་ཝེའི་ཁ་པར་སོགས་བེད་སྤྱོད་གཏོང་རྒྱུར་དོགས་པ་བྱེད་ཀྱི་ཡོད་པ་རེད།།

རོ་ཡེ་ཊར་གསར་འགྱུར་ཁང་གིས་ད་ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་གི་ཉིན་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུ་ཨ་རིའི་གཞུང་གིས་ཧ་ཝེའི་བརྡ་འཕྲིན་མ་ལག་རྣམས་བཀག་འགོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་བསྟུན་ནས་འཛམ་གླིང་སྟེང་གི་ཁ་པར་བཟོ་སྐྲུན་ཁང་ཆེ་ཤོས་ཨང་གཉིས་པ་ཧྭ་ཝེའི་ཁ་པར་ཕྱིར་ཚོང་གི་ཚད་གཞི་བརྒྱ་ཆ་ཉེར་ལྔ་མར་ཆག་པ་དང་མ་འོངས་པར་ཧྭ་ཝེའི་ཁ་པར་ལ་རྒྱལ་སྤྱིའི་ཐོག་ཏུ་ཁྲོམ་ར་མེད་པར་འགྱུར་སྲིད་པའི་ཉེན་ཁ་འདུག་ཅེས་བཀོད། ན་ནིང་ལྟ་བུར་མཚོན་ན་ཧྭ་ཝེ་བཟོ་ཚོང་ཁང་གི་ཡོང་སྒོ་མང་ཤོས་དེ་ཁ་པར་ཉོ་ཚོང་ནས་ཐོབ། ཉེ་ཆར་ཨ་རིའི་ཚོང་དོན་ལྷན་ཁང་གིས་དངོས་སུ་ཧ་ཝེའི་བརྡ་འཕྲིན་སྒྲིག་མ་ལག་རྣམས་བཀག་འགོག་གི་གསལ་བསྒྲགས་སྤེལ་བའི་རྗེས་ལ་ཨ་རིའི་གྷོའུ་གྷོལ་བཟོ་ཚོང་ཁང་གིས་ཟླ་བ་གསུམ་གྱི་བར་བརྒལ་དུས་ཡུན་ལོངས་པའི་རྗེས་སུ་ཧྭ་ཝེ་བཟོ་ཚོང་ཁང་ལ་གྷོའུ་གྷོལ་གྱི་ཨན་ཊོ་མ་ལག་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན། ཧྭ་ཝེའི་ཁ་པར་སྟེང་དུ་བརྙན་གཏོང་མཉེན་ཆས་ཡུག་ཊོ་བྷི་དང་འཕྲིན་གཏོང་མཉེན་ཆས་ཇུས་མད་སོགས་ཀྱང་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ཅེས་བཤད།།

ད་དུང་ཨ་རིའི་མེཀ་རོ་སོབ་ཊི་འཕྲུལ་རིག་བཟོ་ཚོང་ཁང་གིས་ཀྱང་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ། དབྱིན་ཡུལ་དང་ཉི་ཧོང་གི་གློག་འཕྲིན་བཟོ་ཚོང་ཁང་ཁག་ཅིག་གིས་ཐོན་རིམ་ལྔ་ལྔ་པའི་དྲ་རྒྱུའི་བརྒྱུད་ལམ་ལ་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཧྭ་ཝེ་བཟོ་ཚོང་ཁང་ནི་ལྷོ་ཀོ་རི་ཡའི་སམ་སང་བཟོ་ཚོང་ཁང་གི་འཕྲོས་ནས་འཛམ་གླིང་སྟེང་གི་ཁ་པར་བཟོ་སྐྲུན་ཁང་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད། དེ་ལྟ་བུའི་ཁྲོམ་ར་རྒྱ་ཆེན་པོ་ཡོད་པའི་ཧྭ་ཝེའི་ཁ་པར་ནང་དུ་འཛམ་གླིང་གི་རྒྱུག་ཆེ་ཤོས་ཀྱི་མཉེན་ཆས་ཀྱི་རིགས་མང་པོ་ཞིག་ཕབ་ལེན་བྱེད་དུ་མ་བཅུག་ན་མ་འོངས་པར་ཧ་ཝེ་བཟོ་ཚོང་ཁང་ལ་སྔར་ལས་ལྷག་པའི་བརྡབ་གསིག་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG