༄༅།། ཕྱི་ལོ་༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་པར་དུས་ཡུན་ཟླ་བ་༩་ཙམ་ཡོད་ཅིང་། ད་ལྟ་ནས་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གིས་ལོ་རྗེས་མའི་སྲིད་འཛིན་འོས་མི་དང་གྲོས་ཚོགས་འཐུས་མིའི་འོས་མི་བདམས་གསེས་ཀྱི་འགྲན་སྡུར་འགོ་ཚུགས། ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་མི་ཚོས་རང་གི་ལྟ་བ་དང་ལངས་ཕྱོགས། དཔལ་འབྱོར་དང་ཚོང་ལས། རྒྱལ་སྲུང་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ། ཐེ་ཝན་གྱི་ཕྱི་འབྲེལ་འཛིན་ཕྱོགས་བཅས་ཀྱི་སྲིད་ཇུས་རྣམས་མང་ཚོགས་ལ་དྲིལ་བསྒྲགས་ཀྱིས་ཟླ་བ་རྗེས་མ་ནས་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གིས་རང་རང་གི་སྲིད་འཛིན་འོས་མི་དང་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་དངོས་སུ་བདམས་གསེས་ཀྱི་སྔོན་འགྲོའི་འོས་བསྡུ་འགོ་ཚུགས་རྒྱུ། ཐེ་ཝན་གྱི་སྲིད་འཛིན་འོས་མིར་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཕྱོགས་འགལ་ཚོགས་པ། གཞན་ཡང་དེ་མིན་གྱི་སྲིད་དོན་ཚོགས་པ་ཁག་གི་སྲིད་འཛིན་འོས་མི་རེ་གཏམ་ཁེལ་བྱ་རྒྱུ། ཐེ་ཝན་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༡༡༣་ཀྱི་གདན་གྲངས་ཡོད་པ་དེ་དག་ལ་ས་གནས་སོ་སོའི་སྲིད་དོན་ཚོགས་པ་ཁག་གི་འོས་མི་རེ་བདམས་གསེས་བྱ་རྒྱུ། དེ་ནས་༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་ཉིན་དུ་གཅིག་ཏུ་འོས་འདེམས་བྱ་རྒྱུ། ཉིན་དེར་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ཀྱི་གྲུབ་འབྲས་ཁག་གསལ་བསྒྲགས་བྱ་རྒྱུ། ཕྱི་ཟླ་༢་ཚེས་༡་ཉིན་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་གསར་པ་ཚོས་ལས་ཁུར་དམ་བཅའ་འཇོག་རྒྱུ་དང་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་གཙོ་གཞོན་གཉིས་ཀྱིས་ལས་ཁུར་དམ་བཅའ་འཇོག་སྲོལ་ཡོད་པ་རེད།།
ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ཉིན་ཐེ་ཝན་མི་དམངས་ལ་མང་མོས་འོས་འདེམས་ཁག་ཅིག་ཀྱང་བྱ་སྲིད། དཔེར་ན་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་རྒྱུ་ཡིན་མིན། ཐེ་ཝན་པ་ཚོ་རྒྱ་མི་རིགས་ཡིན་མིན་དང་རྒྱ་ནག་ལ་སེམས་ཐག་ཉེ་བོ་ཡོད་པའི་འདུ་ཤེས་ཡོད་མེད། ཐེ་ཝན་གྱི་རིག་གཞུང་རྒྱ་ནག་གི་རིག་གཞུང་ཁྱབ་ཁོངས་སུ་འདུ་དགོས་མིན། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སོགས་ལ་ཐེ་ཝན་གྱི་རྩོད་འགྲན་པ་རྣམས་ཐེ་ཝན་ཞེས་པའི་མིང་ཐོག་ཏུ་མཉམ་ཞུགས་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས་མིན་དང་༡༩༤༩་ནས་ཐེ་ཝན་གཞུང་འབྲེལ་ཐོག་ཏུ་ཀྲུང་ཧྭ་མིན་གོ་ཟེར་གྱི་ཡོད་པར་ཐེ་ཝན་ཞེས་བསྒྱུར་དགོས་མིན་སོགས་ལ་འོས་འདེམས་ཀྱི་ཞོར་དུ་མང་མོས་འོས་འདེམས་བྱ་སྲིད་ཅེས་ཉམས་ཞིབ་པ་ཁག་ཅིག་གིས་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༨་ཀྱི་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས། ༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་རྒྱུའི་གྲོས་མཐུན་བཞག་པར་ཐེ་ཝན་གཞུང་གིས་རྩ་འཛིན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག
ད་སྔ་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གཏན་ཁེལ་ཡོད་པ་ལྟ་བུ་ཞིག་ཡིན་རུང་ཉི་མ་རེ་ཟུང་སྔོན་དེར་ཐེ་ཝན་གྱི་སྲིད་བློན་ཟུར་པ་ལེ་ཆིང་ཏེས་གློ་བུར་དུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁ་གཏད་དུ་ལངས། ཁོ་པ་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མིའི་སྔོནའགྲོའི་འོས་བསྡུ་ལ་འགྲན་ཞུགས་བྱ་རྒྱུ་ཡིན་ཞེས་ཐོ་འགོད་བྱས་འདུག དེར་བརྟེན་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་བདམས་གསེས་ཀྱི་སྔོན་འགྲོའི་འགྲན་སྡུར་ལ་སྲིད་འཛིན་འོས་མི་གཉིས་ཡོད་ཅིང་། གོ་མིན་ཏང་ཕྱོགས་འགལ་ཚོགས་པས་སྲིད་འཛིན་འོས་མི་བདམས་གསེས་ཀྱི་སྔོན་འགྲོའི་འོས་འདེམས་ལ་འོས་མི་སུ་སུ་འགྲན་ཞུགས་བྱ་དགོས་མིན་ཐག་བཅད་མེད་ཀྱང་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཁེ་མེན་ཀྲེ་དང་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་ཁྱབ་ཧན་གོ་ཡུའི། ཐེ་ཝན་གྱི་འབྱོར་ལྡན་པ་ཨང་དང་པོ་ཊེ་རི་གོ་རྣམས་གོ་མིན་ཏང་གི་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་ཞུགས་འཆར་ཡོད་པ་དང་། གཅིག་བྱས་ན་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཁེ་མེན་ཀྲེ་སྲིད་དོན་ཚོགས་པ་ཁག་གི་ཁོངས་སུ་མ་ཞུགས་པར་རང་བཙན་གྱི་འོས་མིར་ལངས་ནས་སྲིད་འཛིན་གྱི་འོས་འདེམས་ལ་མཉམ་ཞུགས་བྱ་སྲིད། གོ་མིན་ཏང་སྲིད་དོན་ཚོགས་པའི་གཙོ་འཛིན་གྱིས་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་གོ་ཡུའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱས་ན་དགེ་མཚན་འདུག་ཅེས་བཤད། གཟའ་འཁོར་འདིར་ཐེ་ཝན་གྱི་བཟོ་ཚོང་བདག་པོ་ཊེར་རི་གོ་ཡིས་དངོས་སུ་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་པ་ཡིན་ཞེས བསྒྲགས། གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོར་ཊེ་རི་གོ་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་རྒྱུ་དེར་འཐད་པ་མེད་པའི་རྣམ་པ་བསྟན། ཐེ་ཝན་གྱི་གོ་མིན་ཏང་གི་ཚོགས་མི་ཇི་སྙེད་ཅིག་གིས་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧན་གོ་ཡུའི་ལ་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་ལང་དགོས་ཞེས་སྐུལ་ལྕགས་དང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།
ཐེ་ཝན་གྱི་ཧྲི་ཤིན་སློབ་གྲྭ་ཆེན་མོས་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༩་ཙམ་གྱིས་ཊེ་རི་གོ་ལ་རྒྱབ་སྐྱོར་དང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༩་དང་གྲངས་ཆུང་༨་གྱིས་ཧན་གོ་ཡུའི་གོ་མིན་ཏང་གི་སྲིད་འཛིན་འོས་མིར་ལང་དགོས་ཞེས་རྒྱབ་སྐྱོར་བྱས་འདུག ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝེན་དང་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཊེ་རི་གོ རང་བཙན་གྱི་སྲིད་འཛིན་འོས་མི་ཁེ་མེན་ཀྲེ་གསུམ་མཉམ་དུ་ཐུག་ཚེ། ཊེ་རི་གོ་ལ་འོས་ཤོག་བརྒྱ་ཆ་༣༥་དང་གྲངས་ཆུང་༦་འཐོབ་སྲིད་པ་དང་ཁེ་མེན་ཀྲེ་ལ་འོས་ཤོག་བརྒྱ་ཆ་༢༥་དང་གྲངས་ཆུང་གཉིས། སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་འོས་ཤོག་བརྒྱ་ཆ་༢༠་དང་གྲོང་ཆུང་༢་ལས་འཐོབ་རྒྱུ་མིན་པའི་རྟགས་མཚན་ཐོན་འདུག ཊེ་རི་གོ་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུ་ཁྱབ་བསྒྲགས་མ་བྱས་གོང་དེར་ཁེ་མེན་ཀྲེ་ལ་འོས་ཤོག་བརྒྱ་ཆ་༤༠་འཐོབ་ཀྱི་ཡོད་ཀྱང་ཊེ་རི་གོ་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱས་ནས་འོས་ཤོག་གི་འཐོབ་ཆ་དེར་འཁྲུག་ཐེབས། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགལ་གོ་མིན་ཏང་གཉིས་ཀས་ཊེ་རི་གོའི་རྒྱབ་སྐྱོར་འཐོབ་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐེ་ཝན་གྱི་འབྱོར་ལྡན་བླ་ན་མེད་པ་དེས་གོ་མིན་ཏང་གི་སྲིད་འཛིན་འོས་མིར་ལང་རྒྱུ་ཡིན། གལ་སྲིད་ཁོ་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་ན་སྲིད་དབང་འཛིན་རྒྱུ་དང་། གལ་སྲིད་ཁོ་པར་སྔོན་འགྲོའི་འོས་འདེམས་སྐབས་སུ་འདེམས་ཐོན་མ་བྱུང་ན་གོ་མིན་ཏང་གི་སྲིད་འཛིན་འོས་མི་དེར་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ལངས་ཕྱོགས་གསལ་སྟོན་བྱས་འདུག
ཧོང་ཀོང་གི་འཕྲུལ་རིག་སློབ་གྲྭ་ཆེན་མའི་སློབ་དཔོན་ལས་རོགས་ཇཱེ་ཎི་ཆན་གྱིས་ཊེ་རི་གོ་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་ལ་ཚོང་ལས་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁོ་པའི་ཚོང་ལས་རྒྱ་ཆེན་ཞིག་རྒྱ་ནག་ཏུ་གཉེར་གྱིན་འདུག ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ལའང་འགྱུར་བ་ཆེན་པོ་ཞིག་ཐེབས་ས་རེད་ཅེས་བཤད། ཡིན་ནའང་ཇཱེ་ཎི་ཆན་ཚུད་པའི་ཉམས་ཞིབ་པ་མང་པོ་ཞིག་ལ་ཊེ་རི་གོར་རྒྱལ་ཁབ་འཛིན་སྐྱོང་གི་ཉམས་མྱོང་ཡོད་མེད། ཁོ་པས་ཐེ་ཝན་གྱི་ཆབ་སྲིད་འཛིན་སྐྱོང་གང་འདྲ་ཞིག་བྱ་རྒྱུ་ཡིན་མིན་ལ་བློ་འཚབ་ཡོང་གི་ཡོད་པ་སྟེ། ཊེ་རི་གོ་རང་གི་ལས་མི་ཚོ་དང་ལས་བྱེད་པ་ཚོར་བཟང་པོ་ཡོད་མེད། ཁོ་པས་མི་ལ་ཕོག་ཐུག་འགྲོ་སྲིད་པར་བསམ་བློ་གཏོང་ཐུབ་མིན། མདོར་ན་ཉམས་ཞིབ་པ་ཁག་ཅིག་གིས་ཊེ་རི་གོ་ལ་ཐེ་ཝན་གྱི་ཌོ་ནལ་ཊམ་ཞེས་མིང་འདོགས་བྱེད་ཀྱི་ཡོད་ཅིང་། ཊེ་རི་གོ་ཐེ་ཝན་གྱི་ཆབ་སྲིད་ལ་མ་ཞུགས་གོང་དེར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པས་རྒྱ་ནག་གཞུང་གིས་ཊེ་རི་གོ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་རུང་། གལ་སྲིད་ཊེ་རི་གོ་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་གཞུང་གིས་ཊེ་རི་གོ་ལ་འཛིན་པའི་ལྟ་ཚུལ་དང་ཊེ་རི་གོས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་བཅས་ལ་འགྱུར་བ་ཐེབས་སྲིད་ཅེས་ཉམས་ཞིབ་པ་ཕལ་ཆེ་བས་ཁ་གཅིག་གྲགས་སུ་གླེང་ངོ་།།