ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་རོབ་ཀྱི་གཞུང་ཚབ་པ་ཚོ་ཞིན་ཅང་ལ་འཁྲིད་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་འགོག་པར་པེ་ཅིང་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཁག་ཞིན་ཅང་ལ་གདན་འདྲེན་ཞུ་རྒྱུ་ཡིན། ཁོ་ཚོར་ཞིན་ཅང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། འདི་ནི་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣའི་ཚོགས་པ་ཞིག་ཞིན་ཅང་ལ་འཁྲིད་འཆར་ཡོད་པ་ཐེངས་དང་པོ་དེར་འགྱུར་སྲིད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་ཏུ་བཀག་ཉར་བྱེད་ཡོད་པའི་མི་མང་དེ་དག་གི་གྲས་སུ་ཡུ་གུར་བ་གཅིག་པུ་མིན་པར་ཞིན་ཅང་གི་ཧ་ས་ཁ་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་པའང་འདུས། པེ་ཅིང་དུ་བཅའ་སྡོད་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་འགའ་ཞིག་གིས་ང་ཚོ་ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་ཞིན་ཅང་ལ་རྟོག་ཞིབ་ཏུ་འཁྲིད་རྒྱུ་ཡིན་ཞེས་མགྲོན་བརྡ་ཞིག་གསར་འགྱུར་ལས་ཁང་བརྒྱུད་ནས་འབྱོར་བྱུང་། མགྲོན་ཤོག་དེ་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོར་དམིགས་བསལ་གྱིས་ཕུལ་འདུག རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཚོར་ཉམས་ཚོད་ལེན་པའི་ཆེད་དུ་ཡིན་སྲིད། ཡིན་ནའང་རྒྱ་ནག་གཞུང་གིས་ང་ཚོས་ཞིན་ཅང་གི་འགོ་ཁྲིད་སུ་སུ་ལ་ཐུག་འཕྲད་བྱ་དགོས་མིན་དང་ང་ཚོ་ཞིན་ཅང་ལ་འཁྲིད་དོན་ཅི་ཡིན་སོགས་ལ་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མ་བྱུང་ཞེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད།།

པེ་ཅིང་དུ་བཅའ་སྡོད་ནུབ་ཕྱོགས་པའི་ཕྱི་འབྲེལ་མི་སྣ་གཞན་ཞིག་གིས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་གི་མགྲོན་འབོད་དེར་མོས་མཐུན་བྱ་རྒྱུ་ཡིན་མིན་ངེས་གཏན་མེད། ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཅི་ཙམ་ཞིན་ཅང་ལ་ཕེབས་རྒྱུ་ཡིན་མིན་ཡང་བཤད་དཀའ། སྔ་ལོ་ཧྥ་རན་སི་དང་དབྱིན་ཇི། འཇར་མན་ཎི་དང་པེ་ཅིང་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་ཀོ་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས། ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་དམངས་གཉིས་ཀར་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད་པར་གྲོས་མོལ་བྱེད་དུ་འཇུག་དགོས་ཞེས་ཐུན་མོང་གི་སྙན་ཞུ་ཞིག་ཕུལ་བ་ཡིན། རྒྱ་ནག་གཞུང་གིས་ང་ཚོའི་སྙན་ཞུ་དེར་གཏན་ནས་ཡ་ལན་མ་སྤྲད་པར་མ་ཟད། ད་དུང་ཡུ་རོབ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ཚོས་སྒྲིག་སྲོལ་ལ་འགལ་འཛོལ་བྱེད་ཀྱིན་འདུག་ཅེས་ང་ཚོར་ཁ་རྡུང་བཏང་སོང་། ད་ལོ་ཡང་རྒྱ་ནག་གཞུང་གིས་ཞིན་ཅང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁྲེན་ཆོན་ཀོ་དང་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་ཁག་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་ཡིན་མིན་གསལ་བོ་མི་འདུག་ཅེས་ནང་མོལ་བྱས་འདུག

རྒྱ་ནག་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་ཞིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཕྱིན་ཡོད་པ་དངོས་སུ་མཐོང་དུ་འཇུག་རྒྱུ། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གི་འབྲེལ་བ་ཡག་ཏུ་གཏོང་བར་ཡུན་རིང་མི་འགོར་པར་པེ་ཅིང་དུ་བཅའ་སྡོད་ཡུ་རོབ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་རྣམས་ཞིན་ཅང་ལ་གདན་འདྲེན་ཞུ་རྒྱུ་ཡིན། ཁོ་ཚོར་རྣ་ཐོས་བརྒྱ་བྱུང་བ་ལས་མིག་མཐོང་གཅིག་འབྱུང་དུ་བཅུག་ན་དགེ་མཚན་ཆེ། ཞིན་ཅང་གི་རྟོག་ཞིབ་དེའི་ཚེས་གྲངས་དང་ཞིབ་ཆ་ཁག་ད་དུང་ཐག་བཅད་མེད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་ཤིག་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཀྲམ། པེ་ཅིང་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་ཚོས་རོ་ཡེ་ཊར་གསར་འགྱུར་ལས་ཁང་བརྒྱུད་ནས་འབྱོར་པའི་མགྲོན་འབོད་དེར་མོས་མཐུན་བྱ་རྒྱུ་ཡིན་མིན་གྱི་འགྲེལ་བཤད་གང་ཡང་བརྒྱབ་མེད་ཀྱང་སང་ཉིན་ནས་རྒྱ་ནག་གི་སྲིད་འཛིན་ཨི་ཊི་ལི་དང་མ་ན་ཀོ ཧྥ་རན་སི་བཅས་ཡུ་རོབ་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ཡུ་རོབ་རྒྱལ་ཁབ་གསུམ་གྱི་འཚམས་འདྲིའི་སྐབས་སུ་གསར་འགོད་པ་ཚོས་ཞིས་ཅིན་ཕིང་ལ་རྒྱ་ནག་ཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་གླེང་སློང་བྱ་རྒྱུ་གཡོལ་ཐབས་བྲལ།།

རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་དང་སྐད་ཡིག་སློབ་ཁྲིད་བྱས་ནས་མདུན་ལམ་བཟང་པོ་ཞིག་སྐྲུན་གྱི་ཡོད། རྒྱལ་སྤྱིའི་ཐོག་ཏུ་བཀག་ཉར་ཁང་རེད་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན་ཞེས་བཀྲལ། གཟའ་འཁོར་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཐེབས་ཀྱི་ཡོད་པ་འདི་འདྲ་ཞིག་དུས་རབས་སྔོན་མའི་ལོ་རབས་༣༠་བ་ནས་འཛམ་གླིང་གི་ལོ་རྒྱུས་སུ་བྱུང་མྱོང་མེད་ཅེས་སྐྱོན་བརྗོད་བྱས་པ་དང་། ཨ་རིའི་གཞུང་གིས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་ཀོ་གཙོས་མངའ་ཁུལ་དེའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་ཉེས་ཆད་གཅོད་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་པས་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཁག་བཀོལ་སྤྱོད་ལོག་པ་བཏང་སྟེ། ཞིན་ཅང་གི་ཡུ་གུར་བ་རྒྱ་ཆེའི་མི་དམངས་རྣམས་བདེ་ཞིང་སྐྱིད་ལ་རོལ་གྱི་ཡོད། ཞིན་ཅང་ལ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོད། མི་མང་གི་འཚོ་བ་ཡར་རྒྱས་དང་གང་ཐད་དུ་ཕུན་སུམ་ཚོགས་པ་ཡོད། འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། མཐའ་ལྷུང་རིང་ལུགས་པ་ཉུང་ཤས་ཤིག་གིས་ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་གཏོང་བརླག་བྱེད་ཀྱིན་འདུག་ཟེར་པའི་རྒྱ་གཞུང་གི་དྲིལ་བསྒྲགས་རྣམས་རྒྱལ་སྤྱིའི་ཐོག་ཏུ་བརྒྱུད་བསྒྲགས་བྱ་སྲིད་སྙམ་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་རྣམ་པས་བྷ་ར་སིལ་སི་གྲོང་ཁྱེར་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་གཅིག་ལྕོགས་ཝང་དབྱི་ལ་ཞིན་ཅང་གི་ཡུ་གུར་བའི་གནད་དོན་གླེང་། ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་ལས་དང་དཔལ་འབྱོར། ཕྱོགས་གཉིས་མཉམ་འབྲེལ་བྱེད་སྟངས་བཅས་ལ་གྲོས་མོལ་གཙོ་བོ་བྱ་ཐབས་བྱས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་ཞིན་ཅང་གི་བཀག་ཉར་ཁང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་གླེང་སློང་བྱུང་སྟེ་ཝང་དབྱིས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱ་དགོས་བྱུང་ཡོད། ཡིན་ནའང་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཚོ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་འགྲེལ་བཤད་ལ་འདོད་བློ་ཚིམས་པ་ཞིག་བྱུང་མ་སོང་ཞེས་བཤད། ཝང་དབྱིས་རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་དང་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་གི་ས་གནས་ཁག་ཅིག་ཏུ་མི་མང་ཁག་ཅིག་ལ་ལྟ་སྐྱོང་ལེགས་པོ་མ་ཐོབ་པ་ཡོད་སྲིད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་དགྲ་ཟླར་བཟུང་ནས་དྲག་གནོན་བྱེད་ཀྱི་མེད། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་གཞུང་ཕྱོགས་ཀྱི་འགྲེལ་བཤད་རྣམས་བསྐྱར་དུ་བཟློས། ཟླ་བ་རྗེས་མར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་བྷ་ར་སིལ་སི་གྲོང་ཁྱེར་དུ་ཡུ་རོབ་མཉམ་འབྲེལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་ལ་ཕེབས་ཀྱི་ཡོད་པས་རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་གཞུང་ཚབ་པ་རྣམས་ཞིན་ཅང་ལ་རྟོག་ཞིབ་ཏུ་འཁྲིད་ཀྱི་ཡོད་པ་ཞིག་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་འདུག

XS
SM
MD
LG