ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གསར་འགོད་པ་ཞིག་སྟག་འཚེར་ལ་འགྲོ་སྐྱོད་བཀག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་དུ་རང་དབང་སྒེར་ལངས་བྱུང་ནས་ལོ་ཧྲིལ་བོ་༦༠་འཁོར་བའི་དུས་དྲན་སྐབས་འདིར་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་མཆོག་གི་འཁྲུངས་གཞིས་སྟག་འཚེར་དང་རེབ་གོང་གཉིས་ལ་ཕྱིན་ནས་ས་གནས་དེ་དག་གི་གནས་ཚུལ་རྒྱུས་ལོན་དང་མི་ཁག་ཅིག་ལ་གླེང་མོལ་བྱུང་འདུག གསར་འགོད་པས་ཁ་བྱང་ལ་བཙན་བྱོལ་དུ་ཕེབས་ནས་ལོ་༦༠་ཕྱིན་པའི་རིང་དེར་ཏཱ་ལའི་བླ་མས་གང་ཉིད་ཀྱི་ཕ་ས་ཕ་ཡུལ་ཐུགས་ནས་བརྗེད་མྱོང་མེད་ཅེས་ཁ་བྱང་འཁོད་པའི་གསར་འགྱུར་ཞིག་སྤེལ་འདུག

རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སྟག་འཚེར་དུ་འབྱོར་སྐབས་ལག་ཏུ་མེ་མདའ་ཐོགས་པའི་དྲག་ཆས་ཉེན་རྟོག་དམག་གིས་དུད་ཚང་༦༠་ལྷག་ཡོད་པའི་སྟག་འཚེར་གྲོང་སྡེར་བསྐྱོད་སའི་འགྲོི་ལམ་ཡོངས་སུ་བཀག་ཅིང་། ལམ་འགོག་ཉེན་རྟོག་པ་དང་དཀྱུས་ཆས་གྱོན་པའི་ལས་བྱེད་༡༠་གྲངས་ཤིག་ཡོད་པ་དེ་དག་གིས་རང་ཉིད་སུ་སུ་ཡིན་མིན་དང་མིང་ལ་ཅི་ཞིག་ཟེར་གྱི་ཡོད་པ་སོགས་ཀྱི་རྒྱབ་ལྗོངས་གནས་ཚུལ་ཅི་ཡང་མ་བཤད་པར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་གཞིས་ཁྱིམ་དེར་འགྲོ་རུ་བཅུག་མེད་པ་སྟེ། ཉེན་རྟོག་པ་ཚོས་གྲོང་ཚོ་འདི་མི་མང་སྒེར་པའི་ཁང་པ་ཡིན་པ་དང་མི་ཡོད་ཚད་གྲོང་ཚོ་འདིར་ཡོང་ཆོག་གི་མེད་ཅེས་བཀྲལ།།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་ལས་ཁང་། རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་པའི་ལས་ཁུངས་བཅས་ལ་སྟག་འཚེ་གྲོང་ཁྱེར་བསྐྱོད་མི་ཆོག་དོན་ཅི་ཡིན་ཞེས་འདྲི་རྟོག་བྱས་ཀྱང་ལན་འདེབས་བྱས་མེད་པ་དང་། རྒྱ་ནག་པེ་ཅིང་གཞུང་གིས་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཉེན་ཁ་ཅན་གྱི་ཁ་བྲལ་རིང་ལུགས་པ་ཞིག་ལ་ངོས་བཟུང་། ད་ལྟ་དགུང་གྲངས་༨༣་ལ་ཕེབས་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དེར་གཟན་ཤམ་གྱོན་པའི་སྤྱང་ཀི་ཞེས་སྙོན་འཛུགས་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་༧གོང་ས་ཏཱ་ལའི་བླ་མས་ཐོག་མཐའ་བར་གསུམ་དུ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གཏན་ནས་བཙལ་མྱོང་མེད་པར་འཚེ་མེད་ཞི་བའི་འཐབ་ལམ་བརྒྱུད་ནས་བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་འཐོབ་པའི་འབད་བརྩོན་གནང་གི་ཡོད་པ་རེད།།

ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་བཤམས་པ་དང་༧གོང་ས་མཆོག་ལ་དད་པ་བྱ་རྒྱུ་གཏན་འགོག་བྱས་མོད། འོན་ཀྱང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ལུས་པའི་བོད་རྒྱ་ཆེའི་མི་མང་གིས་རྒྱ་གཞུང་གི་བཀག་འགོག་ལ་མ་མཉན་པར་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་གཡོ་བ་མི་འདུག བདུན་ཕྲག་འདི་ནི་རྒྱ་ནག་གཞུང་གི་དྲག་གནོན་འོག་ཏུ་ཏཱ་ལའི་བླ་མ་གཙོས་བོད་པ་ཁྲི་ཚོ་༨་ལྷག་རང་ཡུལ་དང་ཁ་བྲལ་ནས་བཙན་བྱོལ་དུ་ཕེབས་ཏེ་ལོ་༦༠་ཧྲིལ་བོ་འཁོར་བའི་དུས་དྲན་ཡིན་པ་དང་། ནམ་རྒྱུན་ཆབ་སྲིད་ཀྱི་དུས་དྲན་སོགས་ཀྱི་སྐབས་སུ་ཕྱི་ནས་ཡོང་བའི་འགྲུལ་པ་རྣམས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སྟག་འཚེར་གྱི་གྲོང་ཚོར་མཇལ་སྐོར་དང་གནས་སྐོར་ལ་འགྲོ་རྒྱུར་བཀག་སྡོམ་བྱེད་ཀྱི་འདུག་ཅེས་བཀོད།།

གཞན་ཡང་གསར་འགོད་པ་རེབ་གོང་དུ་ཕྱིན་ནས་ལོ་ན་ཉེར་༢༩་ཅན་གྱི་གཞོན་སྐྱེས་ཤིག་ལ་གླེང་མོལ་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་ལོ་ཤས་གོང་དུ་ཕོ་གསར་དེ་སྟག་འཚེར་གྲོང་ཚོར་ཕྱིན་མྱོང་། རྒྱ་ནག་གཞུང་གིས་བོད་ཀྱི་དུས་དྲན་གང་ཞིག་ཡིན་རུང་སྲུང་བརྩི་བྱེད་དུ་འཇུག་གི་མེད་ཀྱང་བོད་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་ལ་ཕེབས་ནས་ལོ་༦༠་འཁོར་བའི་དུས་དྲན་སླེབས་ཀྱི་ཡོད་པ་ཤེས་རྟོགས་ཐུབ། ང་ཚོས་ཁ་ནས་དེའི་སྐོར་ཅི་ཡང་གླེང་གི་མེད་པ་མ་གཏོགས་སེམས་ན་གསལ་བོ་ཡིན། ང་ཚོར་ཆབ་སྲིད་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་མེད་པས་སྤྱི་ཚོགས་ལ་བསྟུན་རྒྱུ་མ་གཏོགས་བྱ་ཐབས་མི་འདུག་ཅེས་བཤད།ྲ

ད་དུང་གསར་འགོད་པས་ཉེ་ཆར་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིན་ཅེ་ཡིས་བོད་པ་ཚོས་ཏཱ་ལའི་བླ་མ་ལས་རྒྱ་ནག་གཞུང་ལ་ཡིད་ཆེས་དང་དགའ་མོས་ཆེ་བ་བྱེད་ཀྱི་ཡོད། ད་སྔ་ཏཱ་ལའི་བླ་མས་བོད་ལ་ཕན་ཐོགས་པའི་ལས་དོན་སྣ་གཅིག་བསྒྲུབས་མྱོང་མེད་ཅེས་སྙོན་འཛུགས་བྱས་པ་དང་རྒྱལ་བ་རིན་པོ་ཆེའི་དགུང་ལོའི་བབ་ལ་བསྟུན་ནས་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཅིག་ངོས་འཛིན་བྱ་སྲིད་པར་བོད་པ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་ཀྱིན་འདུག ཏཱ་ལའི་བླ་མ་མཆོག་གི་གང་ཉིད་ཀྱི་ཡང་སྲིད་ནི་ཕྱིའི་རང་དབང་ཡུལ་ལུང་ཞིིག་ཏུ་འཁྲུངས་པའམ་། ཡང་ན་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་སྒྲི་འཛུགས་སྒོ་བརྒྱབ་ནས་ཡང་སྲིད་ཀྱི་ལམ་ལུགས་མཇུག་བསྒྲིལ་སྲིད་ཅེས་ལན་མང་གསུངས་ཡོད་པ་ལུང་འདྲེན་བྱས་འདུག

XS
SM
MD
LG