ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཡུལ་ཤུལ་དུ་གངས་སྐྱོན་ཆེན་པོ་ཐེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོ་ཞིག་ལ་གངས་སྐྱོན་བྱུང་ནས་ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་མེད་པར་མི་ཟོག་གཉིས་ཀྱི་འགྲོི་འདུག་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན། ལྷག་པར་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁག་ཅིག་ཏུ་བསྟུད་མར་གངས་ཆེན་པོ་བབས་པའི་སྟབས་ཀྱིས་རི་སྐྱེས་ཟོག་ཆགས་མང་པོ་ཤི། རྒྱ་ནག་གི་ཧྭ་ཞ་དྲྭ་ཚིགས་སུ་གནས་ཚུལ་འཁོད་པ་ལྟར་ན་ད་ལྟའི་བར་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་ལྔའི་ཁོངས་ཀྱི་གྲོང་རྡལ་དང་ཡུལ་ཚོ་༢༦་གི་ཁྱབ་ཁོངས་སུ་འདུས་པའི་གྲོང་ཚོ་༧༢་གྱི་འབྲོག་ཁྱིམ་༡༢༧༣༡་གི་མི་གྲངས་༥༥༣༧༩་དང་ཕྱུགས་ཟོག་༦༨༨༠༠༠༠་ལ་གངས་སྐྱོན་གྱི་གནོད་འཚེ་ཐེབས། དེའི་གྲས་སུ་ཕྱུགས་ཟོག་ཁྲི་༡༠༩༤༧་ཤི་ཡོད་པ་དང་ཡུལ་ཚོ་མང་པོ་ཞིག་གི་འགྲིམ་འགྲུལ་ཡོངས་སུ་འགགས། ཐེངས་འདིའི་གངས་སྐྱོན་གྱི་གྱོང་གུད་ཕོག་པའི་ཚད་གཞི་ནི་རྒྱ་སྒོར་ཁྲི་༡༨༣༠་རེད་ཅེས་བཀོད།།

བོད་པ་སྒེར་པ་ཚོས་སྐད་འཕྲིན་གྱི་བརྒྱུད་ལམ་དུ་གནས་ཚུལ་འཁོད་ཡོད་པ་ལྟར་ན་ས་གནས་དེའི་མིའི་གཟུགས་ཚད་དང་མཉམ་པའི་ཁངས་ཆེན་པོ་བབས་ཏེ་གངས་ཁྲོད་དུ་སྒོི་ཕྱུགས་སེམས་ཅན་མང་པོ་གངས་འོག་ཏུ་མནན་འདུག་པར་མ་ཟད། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་གངས་ཁྲོད་དུ་ཤི་ཡོད་ཅིང་། ས་གནས་ཀྱི་བོད་པ་གྲྭ་བཙུན་དང་མི་སྐྱ་དང་བླངས་པ་སྐོར་ཞིག་གིས་གངས་སྐྱོན་ཕོག་ཡོད་པའི་རི་སྐྱེས་སྲོག་ཆགས་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་རྩྭ་ཆས་རླངས་འཁོར་མང་པོི་ཞིག་སྐྱེལ་འདྲེན་བྱས་ནས་གངས་ལམ་གཤེགས་བཞིན་པའི་འདྲ་པར་དང་བརྙན་འཕྲིན་སོགས་མཐོང་རྒྱུ་འདུག རི་སྒང་ཁག་ཏུ་མི་རྣམས་ཀྱིས་གངས་ཁྲོད་དུ་རྩྭ་འཁུར་ནས་རི་སྐྱེས་སྲོག་ཆགས་ལ་སྟེར་དུ་འགྲོི་བཞིན་པའི་པར་དང་བརྙན་འཕྲིན་མང་པོ་ཞིག་བོད་པ་སྒེར་པ་ཚོས་རང་གི་སྐད་འཕྲིན་དང་ངོི་དེབ་ཀྱི་བརྒྱུད་ལམ་གང་སར་བསྒྲགས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་གྱི་གྲྭ་བ་དང་མི་སྐྱ་དང་བླངས་པ་ཚོར་བསྔགས་བརྗོད་དང་རྗེས་སུ་ཡི་རངས། ད་དུང་ཡུལ་ཤུལ་གཙོས་ས་གནས་མང་པོ་ཞིག་ལ་གངས་སྐྱོན་བྱུང་ཡོད་པའི་གནས་སྟངས་སྐྱོ་བོ་འདིར་བོད་པ་ཡོངས་ཀྱིས་དོ་སྣང་བྱ་རྒྱུའི་འབོད་སྐུལ་ཞུ་བཞིན་པ་རེད།།

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་ནུབ་མཚོ་མཁར་གྲོང་ཚགས་ཤོག་སྟེང་དུ་ཕྱི་ཟླ་༢་པའི་ཚེས་༡༢་ཉིན་གནས་ཚུལ་འཁོད་ཡོད་པ་ལྟར་ན་སྔ་ལོའི་སྤྱི་ཟླ་༡༢་པའི་ཚུན་ཚད་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ལ་བསྟུད་མར་ཁངས་ཆེན་པོ་ཐེངས་དྲུག་བབས། ཐེངས་དྲུག་པོའི་ཁ་བ་འབབ་ཐེངས་རེར་ཉིན་ཞག་བསྟུད་མར་བབས་པའི་སྟབས་ཀྱིས་གངས་སྐྱོན་ཐེབས་སའི་ས་ཁྱོན་རྒྱ་ཆེ་བ་ཞིང་། གངས་ཧ་ཅང་མཐུག་པོ་དང་གྲང་རླུང་ཆེ་བ་བཅས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁག་ཅིག་གི་ནང་དུ་གངས་སྐྱོན་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་རིམ་པ་ཁག་གིས་གང་སྐྱོན་འགོག་རྒྱུའི་ལས་དོན་བསྒྲུབས་ནས་མང་ཚོགས་ཕལ་ཆེ་བར་ཁ་ཟས་དང་འབུད་ཤིང་འདང་ངེས་བྱས་ཡོད་ཅེས་བསྒྲགས། གངས་ཁྲོད་དུ་རི་སྐྱེས་སྲོག་ཆགས་མང་པོ་ཤི་ཡོད་པ་སོགས་ཀྱི་བརྙན་པར་མང་པོི་ཞིག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐོན་མེད་པ་ཇི་བཞིན་ས་གནས་ཀྱི་བོད་པ་དང་བླངས་པ་ཚོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་བཞིན་པའི་གནས་ཚུལ་ཁག་ཀྱང་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་མ་བཀོད་པར་གཙོ་ཆེ་བ་སྲིད་གཞུང་གིས་རོགས་སྐྱོབ་བྱས་པའི་གནས་ཚུལ་ཁོ་ན་བཀོད་དོ།།

XS
SM
MD
LG