ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་རོབ་གྲོས་ཚོགས་དང་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ན་ཛུ་ལའི་གྲོས་ཚོགས་ཀྱི་ཚོགས་གཙོ་གྷོ་ཡེ་དྷོ་རྒྱ་ཁབ་དེའི་ཁྲིམས་མཐུན་གྱི་བར་བརྒལ་སྲིད་འཛིན་ལ་ངོས་ལེན་བྱེད་པའམ། ཡང་ན་སྲིད་འཛིན་མ་དྷུ་རོ་མུ་མཐུད་དུ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་ལ་ངོས་ལེན་བྱ་དགོས་མིན་ཐག་མ་ཆོད་པར་ལུས་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༤་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་༤༣༩་ཡིས་བར་བརྒལ་སྲིད་འཛིན་གྷོ་ཡེ་དྷོ་ལ་རྒྱབ་སྐྱོར། འཐུས་མི་༡༠༤་ཡིས་ངོ་རྒོལ་གྱི་འོས་ཤོག་འཕངས་པ་དང་འཐུས་མི་༨༨་ཀྱིས་འོས་ཤོག་མ་འཕངས་གཟུར་གནས་ནས་ཡུ་རོབ་གྲོས་ཚོགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་གྷོ་ཡེ་དྷོ་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་འཛིན་ལ་ངོས་འཛིན་བྱ་རྒྱུའི་འོས་ཤོག་འཕངས་འདུག

ཉེ་ཆར་ཝྭེ་ན་ཛུ་ལར་སྲིད་འཛིན་འོས་འདེམས་བྱས་ནས་མ་དྷུ་རོ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་རུང་སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་དང་འོས་ཤོག་རྫུན་མ་འཕངས་པ། སྲིད་འཛིན་མ་དྷུ་རོ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ས་ཁུལ་ཁག་གི་མང་ཚོགས་ཀྱི་འོས་ཤོག་བརྩི་མེད་བཏང་བ་སོགས་སྲིད་འཛིན་འོས་འདེམས་གཏན་ནས་དྲང་སྙོམས་ཤིག་མ་བྱུང་ཞིང་། དེར་བརྟེན་གྲོས་ཚོགས་ཀྱི་ཚོགས་གཙོ་གྷོ་ཡེ་དྷོ་ཡིས་རང་ཉིད་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་ཡིན། དུས་ཡུན་ཟླ་བ་གསུམ་གྱི་རྗེས་སུ་ཝྭེ་ནེ་ཛུ་ལར་བསྐྱར་དུ་སྲིད་འཛིན་འོས་འདེམས་བྱ་དགོས་ཞེས་བསྒྲགས། ཨ་མི་རི་ཀ་གཙོས་ཨ་གླིང་ཁག་གསུམ་གྱི་རྒྱལ་ཁབ་ཕལ་ཆེ་བས་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་རྒྱལ་ཁབ་དེའི་ཁྲིམས་མཐུན་གྱི་སྲིད་འཛིན་ལ་ངོས་ལེན། སྲིད་འཛིན་མ་དྷུ་རོ་ལ་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱ་དགོས་པ་དེར་མོས་མཐུན་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་མ་ཟད། ཨ་རིའི་གཞུང་གིས་ཎི་ཀོ་ལ་སི་མ་དྷུ་རོས་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱ་དགོས་པ་དེར་མོས་མཐུན་མ་བྱས་ཚེ། ཨ་མི་རི་ཀས་ཝྭེ་ནེ་ཛུ་ལའི་རྡོ་སྣུམ་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་དམག་བཏང་ནས་མ་དྷུ་རོའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་མིན་པའི་ཁས་ལེན་བྱ་མི་ཐུབ་ཅེས་སྡིགས་བསྐུལ། རྒྱ་ནག་དང་ཨུ་རུ་སུ། ཏུར་ཀི་སོགས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་སྔར་བཞིན་མ་དྷུ་རོ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་ཁྲིམས་མཐུན་གྱི་སྲིད་འཛིན་ལ་ངོས་ལེན་བྱེད་ཀྱི་ཡོད་པ་རེད།།

ཧང་གྷ་རིའི་སྲིད་བློན་གྱིས་ཡུ་རོབ་མཉམ་འབྲེལ་ལ་གོམ་སྟབས་གཉིས་པ་ཇི་ལྟར་སྤོ་དགོས་མིན་གྱི་འཆར་གཞི་ཡོད་དམ། གལ་སྲིད་ཡུ་རོབ་མཉམ་འབྲེལ་ལ་འཆར་གཞི་ཡོད་ན་ཧང་གྷ་རི་ཡང་ཐུན་མོང་གི་ལངས་ཕྱོགས་དེར་མཉམ་ཞུགས་བྱ་རྒྱུའི་གྲ་སྒྲིག་ཡོད། དམངས་གཙོའི་འོས་འདེམས་ལ་གཏོར་བརླག་དང་གཡོ་སྒྱུ། མི་དམངས་ཀྱི་འོས་ཤོག་ལ་བརྩི་མེད་གཏོང་བའི་རྒྱལ་ཁབ་ཁག་ལ་ཡུ་རོབ་མཉམ་འབྲེལ་གྱིས་རྟག་ཏུ་ངོ་རྒོལ་དང་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཀྱང་སྐྱེ་བོ་གང་ཞིག་གིས་ར་ཉིད་རྒྱལ་ཁབ་ཅིག་གི་སྲིད་འཛིན་ཡིན་ཞེས་བསྒྲགས་པའི་སྲིད་གཞུང་དེར་ངོས་ལེན་བྱ་རྒྱུ་འཛེམ་ཟོན་བྱེད་ཀྱི་ཡོད་པ་སྟེ། ཁ་སྔོན་གཟའ་སྤེན་པའི་ཉིན་ཡུ་རོབ་མཉམ་འབྲེལ་གྱིས་སྐུ་ཞབས་མ་དྷུ་རོས་ཉི་མ་༨་ནང་ཚུད་དུ་ཝྭེ་ནེ་ཛུ་ལར་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱ་དགོས་པ་དེར་མོས་མཐུན་བྱ་དགོས། དེ་ལྟར་མ་བྱས་ན་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་སི་པེན་བཅས་ཀྱིས་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་གྷོ་ཡེ་དྷོ་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་འཛིན་ལ་ངོས་ལེན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། སྲིད་འཛིན་མ་དྷུ་རོས་གསར་འགོད་པ་ཚོར་ཝྭེ་ན་ཛུ་ལའི་གྲོས་ཚོགས་འཐུས་མི་རྣམས་བསྐྱར་དུ་འོས་འདེམས་བྱ་ཆོག་ཅེས་མོས་མཐུན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོ་པས་ཝྭེ་ནེ་ཛུ་ལའི་སྲིད་འཛིན་འོས་འདེམས་བསྐྱར་དུ་བྱ་དགོས་པ་དེར་མོས་མཐུན་བྱེད་ཀྱི་མེད། འདི་ནི་ཨ་མི་རི་ཀས་ལྐོག་གཡོ་ངན་ཇུས་བཤམས་ནས་ཝྭེ་ནེ་ཛུ་ལའི་ཁྲིམས་མཐུན་སྲིད་གཞུང་མགོ་རྟིང་སློག་གི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་དུང་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་སི་པེན། ཨི་ཊི་ལི་རྣམས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷོ་ལི་ཝྭི་ཡ་དང་ཨུ་ཁུའེ་དྷོར་སོགས་ལ་མཉམ་འབྲེལ་གྱིས་ཝྭེ་ནེ་ཛུ་ལའི་སྲིད་འཛིན་འོས་འདེམས་དྲང་སྙོམས་ཤིག་མ་བྱུང་བར་རྒྱལ་ཁབ་དེར་སྲིད་གཞུང་གཉིས་ཚུགས་ཡོད་པར་བར་འདུམ་བྱ་ཆོག ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་གྱིས་ཀྱང་ང་ཚོས་བར་འདུམ་གཅིག་པུ་ཟེར་གྱིན་མེད། ཡུ་རོབ་མཉམ་འབྲེལ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་སྲིད་འཛིན་མ་དྷུ་རོ་དང་གྷོ་ཡེ་དྷོ་གཉིས་གྲོས་མོལ་ཡོང་ཐབས་དང་ཝྭེ་ནེ་ཛུ་ལར་ནང་འཁྲུག་ལངས་ནས་མི་དམངས་ལ་རྒོལ་རྡུང་འཕོག་སྲིད་པ་འགོག་ཐབས། ཉི་མ་༩༠་ཐམ་པའི་ནང་ཚུད་དུ་ཝྭེ་ནེ་ཛུ་ལར་བསྐྱར་དུ་སྲིད་འཛིན་འོས་འདེསམ་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་ཝྭེ་ནེ་ཛུ་ལར་ཞི་བདེ་དང་དྲང་སྙོམས། རང་དབང་གི་སྒོ་ནས་དམངས་གཙོའི་འོས་འདེམས་བྱ་རྒྱུ་དང་རྒྱལ་ཁབ་དེ་དམངས་གཙོའི་ཕྱོགས་སུ་བསྐྱོད་དུ་འཇུག་ཐབས་བྱེད་བཞིན་ཡོད་ཅེས་བཤད།།

དེང་སྐབས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལར་ཆབ་སྲིད་བརྟན་ལྷིང་མེད་པར་དཔལ་འབྱོར་ཉམས་རྒུད། རྒྱལ་ཁབ་དེའི་མི་དམངས་ཁྲི་ཚོ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་གྱིས་ཝྭེ་ནེ་ཛུ་ལར་མཚོན་ཆ་ཕྱིར་ཚོང་བྱེད་མི་ཆོག རྒྱལ་ཁབ་དེའི་དམངས་གཙོའི་འོས་འདེམས་ལ་གཏོར་བརླག་བྱེད་མཁན་འགོ་ཁྲིད་ཁག་ཅིག་ཕྱི་རྒྱལ་ལ་འགྲིམ་འགྲུལ་བྱེད་མི་ཆོག་པ་དང་ཁོ་ཚོར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱུ་དངོས་རྣམས་འགོག་ཉར་བྱ་རྒྱུའི་ཉེས་ཆད་གཅོད་སྲིད་ཅེས་ཉེན་བརྡ་བཏང་འདུག ཝྭེ་ནེ་ཛུ་ལའི་གཞུང་གིས་ཧྥ་རན་སི་དང་སི་པེན་གྱི་གསར་འགོད་པ་ཁག་ཅིག་བཀག་ཉར་བྱས་པ་དང་སྲིད་འཛིན་མ་དྷུ་རོས་ཡུ་རོབ་མཉམ་འབྲེལ་གྱི་ཐ་ཚིག་བསྒྲགས་པར་ང་ཚོས་ཉན་དགོས་དོན་མེད། ཡུ་རོབ་མཉམ་འབྲེལ་ནི་ཨ་རིའི་རྒྱུག་ཁྱི་ཡིན་པས་ཌོ་ནལ་ཊམ་གྱི་གང་དུ་ཁྲིད་ཀྱང་རྒྱུག་རྐྱང་རེད། ཝྭེ་ནེ་ཛུ་ལ་རང་བཙན་རྒྱལ་ཁབ་ཅིག་ཡིན། ང་ཚོ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་མི་སེར་སྤེལ་ཡུལ་མིན་ཞེས་དགག་པ་བརྒྱབ་ཀྱང་རྒྱ་ནག་དང་ཨུ་རུ་སུ་སོགས་ཀྱིས་སྲིད་འཛིན་མ་དྷུ་རོ་སྐྱོབ་ཐུབ་རྒྱུ་ཡིན་མིན་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG