༄༅།། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་དང་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་དབྱང་ཧེང་ཅུན་ཨ་མི་རི་ཀའི་ནེའུ་ཡོག་གྲོང་ཁྱེར་ནས་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག པེ་ཅིང་དུ་བཅའ་སྡོད་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་འཛིན་བཟུང་བྱས་པ་ཨོ་གླིང་གཞུང་ཚབ་ཁང་ལ་ངེས་གཏན་བྱས་ཡོད་ཅིང་། དབྱང་ཧེང་ཅུན་གྱི་གྲོགས་པོ་ཚོས་རྩོམ་པ་པོ་དབྱང་བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཨ་རིའི་ནེའུ་ཡོཀ་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་དུ་འབྱོར་མ་ཐག་ཏུ་བཀག་ཉར་བྱས་སོང་། དེ་ནས་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་རྩོམ་པ་པོ་དབྱང་ཧེང་ཅུན་གྱི་གནས་སྟངས་ཅི་ཡིན་གོས་ཐོས་མེད་པར་གྱུར་སོང་ཞེས་དྲྭ་ལམ་དུ་གནས་ཚུལ་སྤེལ་འདུག
ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཏེ། གཟའ་ལྷག་པ་བར་དུ་རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་བཀག་ཉར་བྱས་པ་ངེས་གཏན་བྱས་མ་སོང་ཞེས་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གི་དྲྭ་ལམ་དུ་བཀོད། ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གིས་རང་གི་སྤྱི་དམངས་དབྱང་ཧེང་ཅུན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་རྩད་ཞིབ་བྱེད་བཞིན་ཡོད་པར་མ་ཟད། རྩོམ་པ་པོ་དབྱང་ཧེང་ཅུན་ལ་གྲོས་བསྡུར་དང་ཐུག་འཕྲད་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། འདི་ནི་རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྲོས་མཐུན་གྱི་དགོངས་དོན་ལ་མཐུན་ཡོད་ཅེས་བསྒྲགས།།
ཨོ་གླིང་རྒྱལ་ཁབ་ཀྱི་གྲོགས་པོ་ཚོས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་པ་དབྱང་ཧེང་ཅུན་གྱིས་རྒྱ་ནག་གི་ཆབ་སྲིད་ལ་སྒྱུར་བཅོས་གཏོང་དགོས་པ་དང་རྒྱ་ནག་ལ་ལེགས་བཅོས་གཏོང་དགོས་ཞེས་རྩོམ་ཡིག་བྲིས་ནས་ལས་འགུལ་ཤུགས་ཆེན་སྤེལ་མྱོང་། དེར་བརྟེན་ཁོ་པར་དམངས་གཙོ་དོན་གཉེར་གྱི་་སྐོར་ཚོང་བ་ཞེས་མིང་ཞིག་ཐོགས། ད་ལྟ་ལོ་ན་༥༣་ལ་སོན་པའི་རྩོམ་པ་པོ་དབྱང་ཧེང་ཅུན་གྱིས་སྔོན་ཆད་ལོ་༢༠་ཐམ་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་སྲི་ཞུ་བསྒྲུབས། དེ་ནས་ཁོ་པས་དྲྭ་ལམ་དུ་ཆབ་སྲིད་ཀྱི་རྩོམ་ཡིག་བྲིས་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་འགོ་ཚུགས་ཏེ་རྗེས་འབྲང་བ་ཧ་ཅང་མང་པོ་ཡོད་ཅིང་། ཁོང་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གིས་དབྱང་ཧེང་ཅུན་དང་ཆུང་མ་གཉིས་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་གྱི་གནམ་ཐང་དུ་འབྱོར་པ་དང་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོས་ཆུ་ཚོད་༡༢་ལ་འདྲི་གཅོད་བྱས་སོང་། དབྱང་གི་ཆུང་མ་ཀོང་ཀྲུག་ནས་ཧྲང་ཧེ་གྲོང་ཁྱེར་དུ་འགྲུལ་བཞུད་བྱེད་དུ་བཅུག་ཀྱང་ཁྱོ་ག་བཀག་ཉར་བྱས་ནས་གློད་གྲོལ་བཏང་མ་སོང་ཞེས་བཤད།།
ཨོ་གླིང་རྒྱལ་ཁབ་ཀྱི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་དབྱང་ཧེང་ཅུན་གྱི་གྲོགས་པོ་ཧྥེང་ཁྲུང་དབྱི་ཞེས་པ་ཞིག་གིས་ངས་དབྱང་བཟའ་ཚང་གཉིས་རྒྱ་ནག་ལ་མ་འགྲོ་ཞེས་བཀག་འགོག་བྱས་པ་ཡིན། ཁོ་ཚོ་རྒྱ་ནག་ལ་ཕྱིན་ན་བཀག་ཉར་དང་འཛིན་བཟུང་བྱ་སྲིད་པའི་ཉེན་ཀ་ཆེན་པོ་འདུག ཡིན་ནའང་དབྱང་ཧེང་ཅུན་གྱིས་རང་ཉིད་མི་གལ་ཆེན་པོ་མིན། ང་ནི་རྒྱ་ནག་གཞུང་གིས་དོགས་ཟོན་བྱ་དགོས་པའི་མི་ཞིག་མིན་ཞེས་ཨུ་ཚུགས་བརྒྱབ་ནས་མཉན་མ་སོང་ཞེས་བཤད། ཕྱི་ལོ་༢༠༠༢་ནས་དབྱང་ཧེང་ཅུན་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར། ཁོ་པ་ཨ་རིའི་ཀོ་ལིམ་བྷི་ཡ་སློབ་ཆེན་ལའང་སྐོར་སྐྱོད་སློབ་ཁྲིད་བྱེད་དུ་ཕེབས་ཀྱི་་ཡོད་པ་དང་། ༢༠༡༡་ལོར་དབྱང་ཧེང་ཅུན་རྒྱ་ནག་གི་ས་ཐོག་ཏུ་གར་སོང་ཆ་མེད་དུ་གྱུར་པས་མི་ཚོས་རྒྱ་ནག་གཞུང་གིས་ཤེས་ཡོན་ཅན་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་དེའི་གྲས་སུ་དབྱང་ཧེང་ཅུན་ཡང་ཚུད་པ་རེད་ཅེས་ཚོད་དཔག་བྱས་ཀྱང་ཉིན་ཤས་རྗེས་སུ་མཐོང་ཐོས་ཡོད་པར་གྱུར།།
ཕྱི་ཚེས་༢༢་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་ལ་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་དང་རྩོམ་པ་པོ་དབྱང་ཧེང་ཅུན་གང་དུ་ཡོད་དམ་ཞེས་དྲིས་ཀྱང་ཁོ་མོས་དེའི་སྐོར་ཅི་ཡང་ཤེས་རྟོགས་བྱུང་མ་སོང་ཞེས་ལན་བཏབ། ༢༠༡༡་ལོར་ཡང་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་ལས་སྣེ་ཚོས་རྒྱ་ནག་གཞུང་ལ་དབྱང་ཧེང་ཅུན་གང་དུ་ཡོད་དམ་ཞེས་དྲིས་ཀྱང་རྒྱ་གཞུང་གི་མགྲིན་ཚབ་པ་དེས་ངས་དབྱང་ཧེང་ཅུན་ཞེས་པ་ཞིག་གོ་ཐོས་བྱུང་མྱོང་མེད་ཅེས་ལན་བཏབ། རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་འཛིན་བཟུང་བྱས་དོན་ནི་ཉེ་ཆར་ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝན་ཀྲུག་འཛིན་བཟུང་བྱས་པར་ལན་པ་སློག་གི་ཡོད་པ་ཞིག་ཡིན་སྲིད། མེང་ཝན་ཀྲུག་འཛིན་བཟུང་བྱས་པ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་གསུམ་བཀག་ཉར་བྱས་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རང་གི་སྤྱི་དམངས་རྣམས་རྒྱ་ནག་ལ་འགྲོ་ན་གཟབ་ནན་བྱ་དགོས་ཞེས་བརྡ་ཁྱབ་བཀྲམ་ཡོད་པ་རེད།།