ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༦/༡༩

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་གཞོན་པ་གྷི་རི་ཤཱི་ཡིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ལ་འབྱོར། རྒྱ་ནག་གི་ཚོང་དོན་བློན་ཆེན་གཞོན་པས་འགོ་ཁྲིད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པ་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོགས་པས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། གཟའ་ཟླ་བའི་ཉིན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོགས་པའི་ཚོགས་མི་རྣམས་ཚོགས་ཁང་ཞིག་ཏུ་འདུས་ཡོད་པའི་འདྲ་པར་ཞིག་འགྲེམ་སྤེལ་བྱས་རུང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་གཙོ་བོ་སྟེ། སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོགས་པར་ཕེབས་བསུ་ཞུས་པ་ཙམ་ལས། ཁོང་གཟའ་ཟླ་བའི་ཚོང་དོན་གྲོས་མོལ་ལ་དངོས་སུ་མཉམ་ཞུགས་བྱས་མེད་པ་རེད།།

རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འདིར་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་གཙོ་བོ་ལཱ་དབྱི་ཊི་ཧ་ཡེ་ཛར་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་བློས་ཐུབ་ཀྱི་གྲོགས་པོ་དང་ཚོང་དོན་སྐུ་ཚབ་གཙོ་བོ་ལིའུ་ཧེ་གཉིས་མཉམ་ཞུགས་བྱས་མེད་ཀྱང་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འདི་ཉེ་ཆར་སྲིད་འཛིན་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་ལས་སྣེ་ཚོ་ཕན་ཚུན་ངོ་ཐུག་ནས་གྲོས་མོལ་བྱས་པ་ཐེངས་དང་པོ་ཡིན་ཞིང་། ཉེ་ཆར་ཕྱི་ཟླ་༡༡་པའི་ཟླ་མཇུག་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནར་ཐུག་འཕྲད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀས་དུས་ཡུན་ཟླ་བ་གསུམ་གྱི་རིང་ལ་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མཚམས་འཇོག་བྱ་རྒྱུ། དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འགལ་ཟླ་སེལ་ཐུབ་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རེ་བ་འཆང་ཡོད་ཀྱང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་གྲོས་མཐུན་བྱུང་བའི་དུས་ཡུན་ཟླ་བ་གསུམ་ནི་ཕྱི་ཟླ་༣་ཚེས་༡་ཉིན་མཇུག་བསྒྲིལ་གྱི་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་དུས་ཡུན་དེའི་ནང་ཚུད་དུ་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་གྲོས་མཐུན་ཞིག་འཇོག་ཐབས་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་དང་པོའི་ཚེས་༧་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་སྲིད་འཛིན་རྣམ་པ་གྲོས་མཐུན་བྱུང་བ་ལག་ལེན་བསྟར་ཐབས་བྱེད་བཞིན་ཡོད། རྒྱ་ནག་གིས་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་ཨ་མི་རི་ཀར་ཚོང་ལས་ཀྱི་རྩོད་གཞི་ཡོད་པ་རྣམས་སེལ་ཐུབ་པའི་འདུན་པ་འཆང་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་གསར་འགོད་པ་ཚོར་བཤད་འདུག གཟའ་ཉི་མ་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཡག་པོ་ཡོང་གི་འདུག ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་ཡོད་པས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ཚོང་ལས་ཀྱི་འགལ་ཟླ་ཐག་གཅོད་བྱ་དགོས་པའི་རྒྱུ་མཚན་ཞིག་ཡོད། ངས་བལྟས་ན་རྒྱ་ནག་ལ་ཚོང་ལས་ཀྱི་དཀའ་ངལ་འདི་སེལ་འདོད་འདུག རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པས་ཚོང་ལས་ཀྱི་གྲོས་མོལ་བྱས་ནས་འགལ་ཟླ་སེལ་དགོས་པའི་ཛ་དྲག་ཅིག་ལ་ཐུག་འདུག་བསམ་གྱིན་འདུག་ཅེས་བཤད།།

ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་བཟུང་སྟེ་རྒྱ་ནག་གིས་གྲོས་མཐུན་ལག་ལེན་བསྟར་ཐབས་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་ཨ་མི་རི་ཀ་ནས་སྲན་དཀར་ནང་འདྲེན་བྱ་རྒྱུ་འགོ་ཚུགས་པ་དང་ཨ་མི་རི་ཀའི་རླངས་འཁོར་ལ་སྒོ་ཁྲལ་སྤར་རྒྱུ་ཕྱིར་འཐེན་བྱས་འདུག་པར་མ་ཟད། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་བཅའ་ཁྲིམས་ཟིན་བྲིས་ཤིག་གཏན་ལ་ཕབ། ༢༠༢༥་ནས་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་དབང་སྒྱུར་བྱ་འཆར་ཡོད་ཅེས་སྐད་ཅོལ་རྒྱག་གི་ཡོད་པའང་ཇེ་འཇམ་དུ་བཏང་སྟེ་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་རྩ་བའི་ཁེ་ཕན་བློས་གཏོང་མི་སྲིད། རྒྱུ་མཚན་དེའི་ཕྱིར་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ལ་མི་མཐུན་པའི་འགལ་ཟླ་ཡོད་པའི་གཞི་རྩའི་འགག་རྩ་སེལ་ཐུབ་རྒྱུ་ཁག་པོ་ཡིན་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG