ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་པར་གདུག་རྩུབ་ཆེ་བའི་མི་ཞིག་རྒྱ་གཞུང་གིས་གོ་གནས་སྤར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་སྔོན་བོད་ཀྱི་ཤར་ཕྱོགས་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་བའི་རྒྱ་མི་ཧྲི་ཅོན་ཉེ་ཆར་སྤྱི་ཟླ་༩་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་གཞོན་པར་བསྐོ་བཞག་བྱས་འདུག ཧྲི་ཅོན་གྱིས་སྔོན་ཆད་རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་དམ་དྲག་ཧ་ཅང་ནན་པོ་བྱས་ཡོད་པས་ཁོ་པ་རྒྱ་ནག་དབུས་གཞུང་གིས་གོ་གནས་སྤར་ནས་མཐོ་རིམ་འགོ་ཁྲིད་ཅིག་ཏུ་གྱུར་ཏེ་བོད་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་པར་ཐད་ཀར་དུ་དམིགས་བསལ་གྱི་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་ཅིང་། ཧྲི་ཅོན་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་གཞོན་པ་ཡིན་པའི་ཆ་ནས་མ་འོངས་བར་བོད་དོན་ལ་རྒྱ་ནག་གཞུང་གིས་སྔར་བཞིན་མཁྲེགས་འཛིན་བྱེད་པའམ། ཡང་ན་སྔར་ལས་ལྷག་པའི་ཇེ་སྡུག་ཏུ་འགྲོ་སྲིད་པའི་རྟགས་མཚན་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་བློ་འཚབ་བྱེད་ཀྱི་ཡོད་པ་རེད། ཧྲི་ཅོན་ནི་རྒྱ་ནག་ཅང་སུའུ་ཞིང་ཆེན་དུ་སྐྱེས་ཤིང་། ཕྱིས་སུ་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཙི་ཀྭོང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྔ་པ་བོད་རིགས་དང་ཆཱང་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་ཁུར། སྤྱི་ལོ་༢༠༡༢་ལོར་སི་ཁྲོན་ཞིང་ཆེན་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་དུ་གྱུར་ནས་ལོ་གཅིག་གི་རྗེས་ལ་སི་ཁྲོན་ཞིང་ཆེན་སྤྱིའི་འགོ་ཁྲིད་གཞོན་པར་གྱུར། སྤྱི་ལོ་༢༠༡༥་ལོར་སི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དང་། དེ་ནས་སྤྱི་ལོ་༢༠༡༦་ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། དེ་ནས་ལོ་གཅིག་གི་རྗེས་སུ་རྒྱ་ནག་གི་དབུས་སྤྱི་བདེ་ལྷན་ཁང་གི་འགོ་ཁྲིད་གཙོ་བོར་བསྐོས། ད་ལོ་རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་གཞོན་པའི་ལས་གནས་སུ་བསྐོ་བཞག་བྱུང་འདུག

ཧྲི་ཅོན་ལོ་ཤས་ནང་དུ་གོ་གནས་མྱུར་དུ་འཕར་དོན་ནི་དེ་སྔོན་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་ཁུར་པའི་དུས་སུ་བོད་ཀྱི་ས་ཁུལ་དེར་དམིགས་བསལ་གྱིས་དམ་དྲག་བྱས་པར་རྒྱ་ནག་དབུས་གཞུང་གིས་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱས་འདུག་པར་མ་ཟད། ཁོ་པར་དམིགས་བསལ་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་འབྲེལ་བ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་གཞོན་པར་བསྐོ་བཞག་བྱས་པའང་གྲུབ་འབྲས་དེར་འབྲེལ་བ་ཡོད་པ་ཞིག་རེད་ཅེས་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེའི་རྒྱུ་མཚན་ནི་ཧྲི་ཅོན་གྱིས་རྔ་པ་ཁུལ་དུ་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་འཁུར་བཞིན་པའི་སྐབས་སུ་ཁོ་པའི་ལས་དོན་སྒྲུབ་ཕྱོགས་ལ་ས་གནས་ཀྱི་ལས་བྱེད་པ་ཚོས་སྐྱོན་བརྗོད་བྱས་པའི་ཡོངས་བསྒྲགས་ཀྱི་ཡི་གེ་ཞིག་རྒྱལ་སྤྱིའི་དྲཱ་ལམ་ཁག་ཏུ་སྤེལ།

ཡོངས་བསྒྲགས་ཡི་གེ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའི་བོད་པ་ཞིག་གི་མིང་ཐོག་ཏུ་བྲིས་ཏེ་ཧྲི་ཅོན་རྔ་པར་སླེབས་པ་ནས་བཟུང་སྟེ་རང་གི་གོ་གནས་འཕར་ཐབས་སུ་དོན་ཆུང་གི་རིགས་རྣམས་ཆེད་དུ་རྙོག་འཛིང་ཆེ་བའི་དོན་ཆེན་དུ་གྱུར། མི་ཚོས་མཚོན་ཆ་ཐོགས་ཏེ་རྒོལ་འཛིང་མི་བྱ་ཞེས་ཁས་བླངས་ནས་གྲི་སོགས་དགོན་པའི་སྲུང་མའི་ཁང་དུ་ཕུལ་ཡོད་པ་རྣམས་བོད་རང་བཙན་དང་ཁ་བྲལ་བའི་ལག་ཆ་རེད་ཅེས་བསྙད་བཏགས་ནས་མི་མང་པོར་ནག་ཉེས་བཙུགས། རྔ་པ་རྫོང་གི་སྲང་ལམ་ཁག་ཏུ་གོམ་པ་ལྔ་རེའི་མཚམས་སུ་དམག་རེ་བཀྲམ་ཡོད་པས་ཨི་རག་དང་འདྲ་ཞིང་། དགོན་པའི་གྲྭ་བ་ལས་ཀྱང་གཞུང་གི་ལས་བྱེད་པ་མང་བས་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བ། མི་དམངས་ཀྱིས་མེ་མདའི་འོག་ཏུ་འཚོ་བ་སྐྱེལ་བཞིན་པའི་གནས་སྟངས་ནི་ལི་བྷི་ཡ་དང་འདྲ་བོ་འདུག་ཅེས་ཡོངས་གྲགས་ཀྱི་འཕྲིན་ཡིག་དེར་བཀོད། ཧྲི་ཅོན་གྱིས་གཞུང་གི་ལས་བྱེད་པའི་གྲས་ཀྱི་བོད་རིགས་ལས་བྱེད་པར་དབྱེ་འབྱེད་དང་གནས་དབྱུང་། ཁོ་པ་འགོ་ཁྲིད་ཡིན་པའི་སྐབས་སུ་ལས་བྱེད་པ་༦༠༠་ལྷག་གོ་གནས་སྤར་པའི་གྲས་སུ་རྒྱ་བོད་སྐད་རིགས་གཉིས་ཀྱི་ལས་བྱེད་པ་མི་༢༠་མ་གཏོགས་མེད་པ། རྔ་པའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྲུག་རྣམས་བོད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་མེད་པའི་མཱོ་རྫོང་དུ་བཀོད་སྒྲིག སྤྱིར་རྔ་པ་ཁུལ་དུ་རྫོང་༡༣་ཡོད་པའི་གྲས་ཀྱི་རྫོང་བཅུའི་མི་མང་རྣམས་བོད་པ་རྐྱང་རྐྱང་ཡིན་པ་དང་རྫོང་ཁག་གཞན་གཉིས་བོད་པ་དང་ཆཱང་རིགས་འདྲེས་མ་ཡིན་ཞིང་། དོན་དངོས་སུ་ཆཱང་རིགས་རྐྱང་པ་ཡིན་པའི་རྫོང་གཅིག་མ་གཏོགས་མེད་ཀྱང་རྔ་པ་ཁུལ་གྱི་ལམ་འགྲམ་གང་སར་ཆཱང་རིགས་ཀྱི་རིག་གནས་དང་ཆཱང་རིགས་ཀྱི་གཞིས་ཁུལ་ཟེར་བ་སོགས་སྦྱར་ཏེ་བོད་རིགས་ས་ཁུལ་ཁག་ཀྱང་ཆཱང་རིགས་ཀྱི་ས་ཁུལ་དུ་སྒྱུར་ཐབས་བྱེད་བཞིན་འདུག རྒྱ་གཞུང་གི་ལས་ཁུངས་ཁག་ཏུའང་མི་རིགས་དབྱེ་འབྱེད་བྱས་ནས་རྒྱ་རིགས་དང་བོད་པ། ཆཱང་རིགས་དང་བོད་པའི་བར་དུ་འགལ་ཟླ་བསླངས་སོང་ཞེས་བཀོད། ཧྲི་ཅོན་གྱིས་རྔ་པ་ཁུལ་དུ་གཞུང་གི་ལས་ཀ་བསྒྲུབས་པའི་སྐབས་སུ་དམ་དྲག་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་སྟབས་ཀྱིས་ད་ལྟ་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་གཞོན་པར་གྱུར་ཡོད་པས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་འདི་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG