ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་རྩ་མེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གིས་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་ཆེས་གསར་ཤོས་དེར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་ཞིག་སྤེལ། སྙན་ཐོ་དེར་ཆབ་སྲིད་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་དོགས་པ་ཡོད་པའི་མི་དང་། བོད་མིའི་སྤྱི་དམངས་སྤྱི་ཚོགས་ཀྱིས་འགོ་ཁྲིད་པའི་ལས་དོན་ལ་དྲག་གནོན་བྱེད་འདུག་ཅེས་གནས་ཚུལ་བཀོད། སྙན་ཐོ་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་བོད་པའི་སྲོལ་རྒྱུན་ལྟར་གུས་ཞབས་དང་ཉན་འཇོག་བྱ་ཡུལ་བླ་མ་དང་བོད་པའི་སྤྱི་ཚོགས་སུ་ནང་ཁུལ། ཁྱིམ་ཚང་གི་རྩོད་རྙོག་འདུམ་འགྲིག་བྱེད་མཁན་སོགས་ཚུད་པའི་ལས་ཀྱི་སྣེ་མོ་བ་རྣམས་ཁྲིམས་འགལ་དུ་བརྩི་བཞིན་ཡོད་པ་རེད། དེ་རིང་གཟལ་ཟླ་བ་ཉིན་སྤེལ་བའི་ཤོག་ལྷེ་༡༠༡་ཅན་གྱི་སྙན་ཐོ་དེའི་འགོ་བརྗོད་དུ་རྒྱ་ནག་གིས་བོད་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཁག་ལ་དྲག་རྒོལ་ཞེས་བཀོད། ད་ལྟ་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་ཀྱི་ས་ཁུལ་ཁག་གི་ས་གནས་སོ་སོར་བོད་ཀྱི་བླ་མ་དང་སྲོལ་རྒྱུན་གྱི་གནད་ཡོད་མི་སྣ་ཁག་གི་ཤུགས་སྐྱེན་ལྷག་མ་རྣམས་རྩ་མེད་བཟོ་ཡི་ཡོད་པ་གཙོ་བཟུང་བྱས་ནས་གནས་ཚུལ་བཀོད་འདུག

སྙན་ཐོ་དེར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་སྡེ་ཚན་པའི་ཉམས་ཞིབ་འགན་འཛིན་སོ་ཧྥི་རི་ཆར་ཌན་སན་སྔོན་མ་ནས་བོད་པའི་ཉིན་རེའི་འཚོ་བའི་ཐོག་ཏུ་རྒྱ་ནག་གི་ཉེན་རྟོག་པ་དང་གུང་ཁྲན་ཚོགས་པའི་ལས་བྱེད་རྣམས་ཀྱི་དབང་ཆ་ཚད་ལས་བརྒལ་པ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟ་གནས་སྟངས་དེ་ཉིད་ཛ་དྲག་ཅན་དུ་གྱུར་ཏེ་བོད་མི་རྣམས་མཉམ་དུ་འདུ་འཛོམས་བྱས་པ་ཙམ་གྱིས་ཁྲིམས་གཅོད་ཀྱི་བྱེད་ཀྱིན་འདུག་ཅེས་བརྗོད།།

ང་ཚོས་སོ་ཧྥི་རི་ཆར་ཌན་སན་ལ་ཁ་པར་བཏང་ནས་རྒྱ་ནག་གིས་བོད་པའི་ནང་ཁུལ་དུ་བར་འདུམ་བྱེད་མཁན་ལ་དམིགས་འཛུགས་བྱས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེས་དྲིས།

ཁོང་གིས་པེ་ཅིང་སྲིད་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཚུད་པའི་རྒྱ་ནག་གི་འོག་ཏུ་འཆམ་མཐུན་གྱི་སྤྱི་ཚོགས་དགོས་ཀྱི་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་དངོས་ནས་བྱས་ན་བླ་མ་རྣམས་སྤྱི་ཡོངས་ཀྱིས་གུས་བརྩི་དང་ཉན་འཇོག་བྱ་སའི་མི་ཡིན་པས་འགྲིག་མཐུན་དང་བར་འདུམ་བྱ་རྒྱུ་ཡར་སྐུལ་བྱ་དགོས་པ་ཞིག་རེད་སེམས། ཡིན་ནའང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོ་དང་དབུས་སྲིད་གཞུང་གི་འགོ་ཁྲིད་ཚོས་གོ་སྐབས་གང་ཡང་མི་སྤྲོད། དེར་བརྟེན་སྤྱི་ཟླ་གཉིས་པར་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཚོགས་སྡེའི་ཡིག་ཆ་གསར་པ་ཞིག་འགྲེམ་སྤེལ་བྱས་འདུག་པ་ང་ཚོས་མཐོང་བྱུང་། ཁྲིམས་འགལ་ཟེར་བའི་བྱ་སྤྱོད་ཕལ་ཆེ་བ་རྒྱ་ནག་གི་ཁྲིམས་ལུགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་སུ་ཁྲིམས་མཐུན་ཤ་སྟག་རེད། རྒྱ་ནག་གིས་འགྲེམ་སྤེལ་བྱས་པའི་ཡིག་ཆ་དེ་ནི་བོད་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཤིག་རེད་ཅེས་ཐེར་འདོན་བྱས་བྱུང་།།

འདི་ནི་མི་རིགས་དབྱེ་འབྱེད་དང་བཙན་གནོན་དམར་རྗེན་དུ་ཐེར་འདོན་བྱས་པའི་ཡིག་ཆ་ཞིག་རེད། བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་མེད་པར་ཞི་བའི་འདུ་འཛོམས་བྱས་ཀྱང་སྲིད་གཞུང་གིས་མི་དམངས་ལ་ཕན་ཚུན་སྐད་ཆ་ཤོད་སའི་ས་ཆ་ཞིག་ཀྱང་འཆར་གཞི་ལྡན་པའི་སྒོ་ནས་མེད་པར་གཏོང་གི་ཡོད་པ་ཐལ་ཆ་ཆེ་བའི་རྟགས་ཚན་ཞིག་རེད།།

ཁོང་གིས་མུ་མཐུད་དུ་བརྗོད་དོན། སྤྱི་ཟླ་གཉིས་པའི་ནང་འགྲེམ་སྤེལ་བྱས་པའི་རྒྱ་ནག་གི་ཡིག་ཆ་དེར་བོད་པ་ཚོས་རང་གི་སྐད་ཡིག་སྲུང་སྐྱོབས་དང་ཐ་ན་ས་གནས་ཀྱི་ཁོར་ཡུལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའང་བཀག་འགོག་བྱ་དགོས་ཞེས་བཀོད། འདི་ནི་ཕྱོགས་གཅིག་ནས་བལྟས་ནས་བོད་པ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པར་གདོང་ལེན་བྱས་པ་ཞིག་ཡིན་སྲིད། སྲིད་གཞུང་གིས་སྤྱི་དམངས་སྤྱི་ཚོགས་ནང་ཁུལ་གྱི་དཀའ་རྙོག་ལ་བར་འདུམ་བྱེད་པ་དང་སྤྱི་ཚོགས་ནང་ཁུལ་གྱི་འཚོ་བའི་ཆེད་དུ་མ་དངུལ་གཏོང་བ་བཅས་ཁྲིམས་འགལ་གྱི་ཚོགས་སྡེ་ལ་ངོས་འཛིན་བྱེད་པ་འདི་ནི་སྨྱོན་པའི་བྱ་བ་ལྟ་བུ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་འདུག

XS
SM
MD
LG