ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་ནག་གིས་ཐེ་ཝན་གྱི་ཉེ་སར་མཁའ་ལམ་གསར་གཏོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གིས་ཐེ་ཝན་ལ་བརྡ་སོགས་ཅི་ཡང་མ་བཏང་བར་ཐེ་ཝན་མཚོ་འགག་ཏུ་མཁའ་ལམ་གསར་པ་བཞི་སྒོ་ཕྱེ་ཡོད་པ་མ་ཟད། རྒྱ་ནག་གི་མཁའ་འགྲུལ་དོ་དམ་ཁང་གིས་ཉི་མ་དེར་མཁའ་ལམ་འདི་དག་ཏུ་གནམ་གྲུ་འཕུར་སྐྱོད་ཀྱི་མགོ་བརྩམས་ཡོད་པར་ཐེ་ཝན་གྱི་ཕྱོགས་ནས་རྒྱ་ནག་གི་བྱེད་སྟངས་དེར་ངོ་རྒོལ་ཤུགས་ཆེན་པོི་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་གནས་ཚུལ་འདིའི་ཐད་དུ་གཟའ་ཉི་མའི་ཉིན་ཐེ་ཝན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ཚོགས་འདུ་ཞིག་སྐོང་ཡོད་པ་རེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེར་པེ་ཅིང་གཞུང་གིས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོས་སྤྱི་ལོ་༢༠༡༥་ལོའི་ཟླ་གསུམ་པར་མཁའ་ལམ་འགྲིམ་འགྲུལ་གྱི་གྲོས་མཐུན་བཞག་པའི་འབྲུ་དོན་ཁག་ལ་རྒྱབ་འགལ་བྱས་སོང་ཞེས་སྐྱོན་བརྗོད་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་གི་ངོས་ནས་ཐེ་ཝན་གྱི་ཉེ་སར་མཁའ་ལམ་གསར་པ་སྒོ་འབྱེད་བྱས་པ་ཡིན་ན་ཐེ་ཝན་གྱིས་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་གསལ་བོར་ཤེས་རྟོགས་ཐུབ་ཀྱི་ཡོད་བཞིན་དུ་མཁའ་ལམ་གསར་པ་འདི་དག་སྒོ་ཕྱེ་ཡོད་པ་ནི་ཐེ་ཝན་གཞུང་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཤེས་ཤིག་རེད་ཅེས་བརྗོད་ཡོད། ༡༩༤༩་ལོར་རྒྱ་ནག་གུང་ཁྲན་ཏང་དང་གོ་མིན་ཏང་སྲིད་གཞུང་གཉིས་ཀྱིས་ནང་འཁྲུག་བརྒྱབ་སྟེ་གོ་མིན་ཏང་ལ་ཕམ་ཉེས་བྱུང་ནས་ཐེ་ཝན་མཚོ་གླིང་ལ་བྲོས་བྱོལ་དུ་སོང་ནས་བཟུང་། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་རྒྱལ་ཁབ་མ་འདྲ་བ་གཉིས་ལྟ་བུ་ཞིག་ལ་གྱུར་མོད། རྒྱ་ནག་གཞུང་གིས་མུ་མཐུད་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དང་། གལ་སྲིད་དགོས་གལ་བྱུང་ན་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མངའ་ཁོངས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་བཞིན་ཡོད། ཡིན་ནའང་ཐེ་ཝན་མི་དམངས་ལ་བསམ་ཚུལ་དྲིས་ནས་ཞིབ་འཇུག་བྱས་པ་ལྟར་ན་མཚོ་གླིང་དེའི་མི་མང་ཕལ་ཆེ་བས་རྒྱ་ནག་སྐམ་ས་ཆེན་མོིར་གཅིག་གྱུར་བྱ་འདོད་མེད་ཅིང་། སྤྱི་ལོ་༢༠༡༦་ལོའི་ཟླ་༥་པར་ཚེ་དབྱིན་ཝེན་གྱིས་ཐེ་ཝན་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རྗེས་སུ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་ཀྱི་མེད་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གྱི་སྲིད་གཞུང་གསར་པར་འབྲེལ་བ་སྡུག་ཏུ་བཏང་ནས་མི་འདོད་པའི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེ་རུ་བཏང་ཡོད། ཡང་ཐེ་ཝན་སྐོར་གྱི་གནས་ཚུལ་གཞན་ཞིག་ནི་ཁ་སང་རེས་གཟའ་མི་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མར་ཐེ་ཝན་དང་ཨ་རི་གཉིས་འགྲོ་སྐྱོད་ཁྲིམས་གཞི་གསར་པ་དང་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ་ཁག་ལ་ཉམས་ཞིབ་པའི་མིང་ཐོག་ཏུ་ཟུར་ཞུགས་ཆོག་པར་རྒྱབ་སྐྱོར་བྱ་རྒྱུུའི་གྲོས་གཞི་གཉིས་ལ་ངོས་ལེན་ཐོབ་ཡོད་པ་རེད། ཨ་རི་དང་ཐེ་ཝན་གྱི་འགྲོ་སྐྱོད་ཁྲིམས་གཞི་འདི་སྤྱི་ལོ་༢༠༡༧་ལོའི་ཟླ་བ་༡་པོའི་ཚེས་༡༣་ཉིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སི་ཊིབ་ཤཱ་བྷོ་ཊི་དང་དམངས་གཙོ་ཚོགས་པའི་འཐུས་མི་བྷེ་རེ་ཌི་ཤར་མན་སོགས་འཐུས་མི་ཁག་ཅིག་གིས་བཏོན་ཞིང་། ཁྲིམས་གཞི་འདིའི་ནང་དུ་འདས་པའི་ལོ་མང་རིང་ལ་ཨ་རི་དང་ཐེ་ཝན་གྱི་མཐོ་རིམ་མགོ་ཁྲིད་ཁག་གཞུང་འབྲེལ་གྱིས་ཕན་ཚུན་ཕེབས་མི་ཆོག་པའི་ཁྲིམས་ཤིག་བཟོས་ཡོད་པ་བརྩི་མེད་གཏོང་རྒྱུ་དང་། གྲོས་ཚོགས་འཐུས་མི་སི་ཊིབ་ཤཱ་བྷོ་ཊིས་བརྗོད་ན་ཁྲིམས་གཞི་འདི་བརྒྱུད་ནས་ཐེ་ཝན་གྱི་སྲིད་འཛིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཆོག་པ་བྱ་རྒྱུ་ཡིན། ད་སྔ་ཐེ་ཝན་གྱི་འགོ་ཁྲིད་ཚོ་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་མི་ཆོག་པ་ནི་ཐེ་ཝན་ལ་དམའ་འབེབ་བྱས་པ་ཞིག་དང་། འདི་ལ་ལྡོག་ཕྱོགས་ཀྱི་ངན་འབྲས་སྨིན་སྲིད། འདི་ནི་དུས་སྐབས་ལ་མི་མཐུན་པའི་སྲིད་ཇུས་ཤིག་ཡིན་པས་ངེས་པར་དུ་འགྱུར་བ་གཏོང་དགོས་ཅེས་བརྗོད་འདུག ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷེ་རེ་ཌི་ཤར་མན་གྱིས་ཀྱང་ཨ་རིའི་ངོས་ནས་ཐེ་ཝན་གྱི་འགོ་ཁྲིད་གཙོ་བོི་རྣམས་རྒྱལ་ས་ཝ་ཤིང་ཊོན་དུ་ཡོང་ཆོག་པའི་ངོས་ལེན་བྱས་ན་གྲོས་ཚོགས་འཐུས་མི་ཁག་དང་འཛིན་སྐྱོང་གི་མི་སྣ་དག་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པས་རྒྱ་ནག་གིས་ལོ་ལྟར་ཝེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་པར་ཁ་གཏད་གཅོག་པའི་ཐབས་ལམ་ཡག་ཤོས་ཤིག་འགྲོ་སྐྱོད་ཀྱི་ཁྲིམས་གཞི་གསར་པ་འདི་ལག་བསྟར་ཐབས་བྱ་རྒྱུ་དེ་ཡིན་བརྗོད་ཡོད། གཞན་ཡང་ཐེངས་འདིར་གྲོས་ཚོགས་འོག་མའི་ནང་དུ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ་ཁག་ལ་ཉམས་ཞིབ་པའི་མིང་ཐོག་ཏུ་ཟུར་ཞུགས་བྱེད་ཆོག་པའི་རྒྱབ་སྐྱོར་བྱ་དགོས་པའི་ངོས་ལེན་ཡང་ཐོབ་ཡོད་པ་རེད།།

XS
SM
MD
LG