ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁེ་ཊི་ལོ་ཎི་ཡའི་གྲོས་ཚོགས་འཐུས་མི་འོས་འདེམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཡུ་རོབ་རྒྱལ་ཁབ་སེ་པེན་གཞུང་གིས་ཁེ་ཊི་ལོ་ཎི་ཡའི་རང་བཙན་ལས་འགུལ་གྱི་སྟོབས་ཤུགས་གཅོག་པར་མངའ་ཁུལ་དེར་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པ་དང་། ད་ཐེངས་ཀྱི་སྤྱི་ཡོངས་འོས་འདེམས་བརྒྱུད་ནས་ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་གི་སྟོབས་ཤུགས་ཉམས་དམས་སུ་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་རུང་། ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་ལ་སླར་ཡང་སྤྱི་ཡོངས་འོས་འདེམས་སྐབས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཅིང་། སེ་པེན་གྱི་སྲིད་བློན་མ་རི་ཡ་ནོ་རོ་ཧེས་ལག་ལེན་བསྟར་པའི་སྲིད་ཇུས་དེར་ཕམ་ཉེས་བྱུང་འདུག ཟླ་ཤས་གོང་དེར་སི་པེན་གྱི་མངའ་ཁོངས་སུ་ཡོད་པའི་ཁེ་ཊི་ལོ་ཎི་ཡ་རང་སྐྱོང་ས་ཁུལ་གྱི་འགོ་ཁྲིད་ཚོས་མང་ཚོགས་ལ་མང་མོས་འོས་འདེམས་བྱས་ཏེ། ས་གནས་དེའི་རྒྱ་ཆེའི་མང་ཚོགས་ཀྱིས་རང་གི་ཡུལ་ལུང་དེ་ཉིད་སེ་པེན་གྱི་མངའ་འོག་ནས་རང་བཙན་བྱ་རྒྱུའི་ཐག་གཅོད་བྱས་ཡོད། དེར་བརྟེན་ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་ཚོས་གྲོས་ཚོགས་སུ་རང་བཙན་གསལ་བསྒྲགས་བྱས་ཀྱང་སི་པེན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཁེ་ཊི་ལོ་ཎི་ཡའི་རང་བཙན་གསལ་བསྒྲགས་བྱས་པ་ཁྲིམས་འགལ་ཡིན། ས་གནས་དེའི་འགོ་ཁྲིད་ཚོ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་བཀའ་བཏང་སྟེ། ཁེ་ཊ་ལོ་ཎི་ཡའི་འགོ་ཁྲིད་ཕུ་ཆི་མོན་དང་དེ་མིན་གྱི་མཐོ་རིམ་བློན་ཆེན་ཁག་ཅིག་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་ལ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད། སི་པེན་གྱི་སྲིད་བློན་རོ་ཧེས་ཁེ་ཊི་ལོ་ཎི་ཡའི་གྲོས་ཚོགས་འཐུས་མི་བསྐྱར་དུ་འོས་འདེམས་བྱ་དགོས་ཞེས་ཐག་གཅོད་བྱས་པ་དང་། ཁོང་གིས་ཁེ་ཊི་ལོ་ཎི་ཡའི་མི་དམངས་ཀྱིས་རང་བཙན་ཕྱོགས་ཁག་གི་འགོ་ཁྲིད་ཚོར་སྤྱི་ཡོངས་འོས་འདེམས་སྐབས་སུ་འོས་ཤོག་མི་འཕེན་པ་མ་ཟད། སི་པེན་གྱི་མངའ་ཁོངས་སུ་ཁེ་ཊི་ལོ་ཎི་ཡ་མཉམ་གནས་བྱ་དགོས་ཞེས་ལངས་ཕྱོགས་འཛིན་པའི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ། དེ་ནས་ཁེ་ཊི་ལོ་ཎི་ཡའི་རང་བཙན་ལས་འགུལ་གྱི་སྟོབས་ཤུགས་རྩ་མེད་གཏོང་ཐུབ་པའི་སྲིད་ཇུས་བཟུང་རུང་། ཁ་སང་གཟའ་ཕུར་བུའི་འོས་འདེམས་སྐབས་སུ་སྲིད་བློན་རོ་ཧེའི་སྲིད་ཇུས་དེར་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་ཡོད་པས། ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་གི་སྟོབས་ཤུགས་ཉམས་དམས་སུ་གཏོང་ཐུབ་མེད་པ་དང་། སྲིད་བློན་རོ་ཧེ་རྩིས་ལོག་ཐེབས་པར་སི་པེན་རྒྱལ་ཡོངས་སུ་སྲིད་བློན་གྱི་དབང་ཐང་ཉམས། ཁོང་གིས་ཁེ་ཊི་ལོ་ཎི་ཡའི་རང་བཙན་འཐབ་རྩོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཞིག་བྱས་མ་སོང་ཞེས་སྐྱོན་བརྗོད་འཕོག་གི་ཡོད་པ་དང་། ཡུ་རོབ་རྒྱལ་ཁབ་གཞན་ཁག་གི་གྲངས་ཉུང་མི་རིགས་ཀྱི་རང་བཙན་འཐབ་རྩོད་ཁག་ལའང་གསོན་ཤུགས་གསར་པ་ཞིག་རྒྱས། ཡུ་རོབ་མཉམ་འབྲེལ་ལའང་རང་དབང་དང་དམངས་གཙོའི་ལམ་ནས་མི་དམངས་ཀྱིས་ཐག་གཅོད་བྱས་པའི་འོས་བསྡུའི་གྲུབ་འབྲས་ཁག་ལ་བརྩི་འཇོག་བྱ་དགོས། སི་པེན་དང་ཁེ་ཊི་ལོ་ཎི་ཡ་ལྟ་བུའི་རྩོད་གླེང་ཡོད་སའི་རྒྱལ་ཁབ་ཁག་ལ་ཡུ་རོབ་མཉམ་འབྲེལ་གྱིས་བར་འདུམ་བྱ་དགོས་ཞེས་གནོན་ཤུགས་ཐེབས་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་རེད། དཔེར་ན་བྷར་སི་ལོ་ན་སློབ་ཆེན་གྱི་འཛིན་སྐྱོང་སྒྲིག་ཁྲིམས་སློབ་དཔོན་གྷར་སི་ཡ་ཞེས་པ་ཞིག་གིས་བཤད་པ་ལྟར་ན་སི་པེན་གཞུང་གིས་ཁེ་ཊི་ལོ་ཎི་ཡར་སྤྱི་ཡོངས་འོས་འདེམས་བྱས་ནས་གནད་དོན་གང་ཡང་ཐག་གཅོད་བྱས་ཐུབ་མེད། ད་དུང་ཁ་བྲལ་དང་གཅིག་སྒྲིལ་གྱི་ལངས་ཕྱོགས་བཟུང་ནས་མཐའ་གཉིས་སུ་ལྷུང་ཡོད་པའི་སྲིད་དོན་ཚོགས་པ་ཁག་གི་འཐབ་རྩོད་ཀྱི་རྣོ་ངར་ཆེ་རུ་བཏང་སོང་། ད་ཐེངས་ཀྱི་འོས་འདེམས་འདིས་སི་པེན་གྱི་དབུས་གཞུང་དང་ཁེ་ཊི་ལོ་ཎི་ཡའི་གཅིག་སྒྲིལ་ཚོགས་པ། ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་བཅས་ཀྱིས་བཟུང་བའི་རང་རང་གི་ལངས་ཕྱོགས་རྣམས་ཇེ་མཁྲེགས་སུ་བཏང་འདུག་ཅེས་བཤད་ཡོད། ཁེ་ཊི་ལོ་ཎི་ཡའི་ས་གནས་གྲོས་ཚོགས་ལ་ཁྱོན་བསྡོམས་འཐུས་མི་༡༣༥་ཡོད། མངའ་ཁུལ་དེའི་རང་བཙན་ཕྱོགས་ཁག་གི་སྲིད་དོན་ཚོགས་པ་གསུམ་ལ་འཐུས་མི་༧༠་ཐམ་པའི་གདན་གྲངས་ཐོབ་ཀྱང་རང་བཙན་ལ་ཤུགས་སྣོན་རྒྱག་ཆོག་པའི་ངེས་པ་མེད། ཉེ་དུས་ཤིག་ནས་ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་གསུམ་ལ་ནང་ཁུལ་གྱི་འགལ་ཟླ་ཡོད་པ་ཤུགས་ཆེ་རུ་སོང་ཡོད། ཁེ་ཊི་ལོ་ཎི་ཡའི་རང་བཙན་ཕྱོགས་ཁག་གཅིག་གི་འགོ་ཁྲིད་སི་པེན་གཞུང་གིས་འཛིན་བཟུང་བྱས་ནས་བཙོན་ཁང་དུ་བཅུག་ཡོད་པ་དང་། སྲིད་དོན་ཚོགས་པ་གཅིག་གི་འགོ་ཁྲིད་བྷེལ་ཇེམ་ལ་བཙན་བྱོལ་དུ་སོང་ནས་རྒྱལ་ཁབ་ཕྱི་ལོགས་སུ་ཡོད། ད་ལྟ་ཁེ་ཊི་ལོ་ཎི་ཡའི་ས་གནས་གྲོས་ཚོགས་ཀྱི་རང་བཙན་ཕྱོགས་ཁག་ལ་འགོ་ཁྲིད་གསར་པ་མེད་པའི་དཀའ་ངལ་འཕྲད་ཡོད་པ་དང་། བཙོན་ཁང་དང་བཙན་བྱོལ་དུ་ཡོད་པའི་ཁེ་ཊི་ལོ་ཎི་ཡའི་སྲིད་དོན་ཚོགས་པ་གཉིས་ཀྱི་འགོ་ཁྲིད་ཚོར་ཁ་བྲལ་དང་གྱེན་ལོག་གི་ནག་ཉེས་ཕོག་སྟེ། ཁོ་ཚོ་སི་པེན་གཞུང་གིས་འཛིན་བཟུང་བྱས་ནས་བཙོན་འཇུག་བྱ་དགོས་ཞེས་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱས་འདུག བྷེལ་ཇེམ་དུ་བཙན་བྱོལ་ལ་ཡོད་པའི་ཁེ་ཊི་ལོ་ཎི་ཡའི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁར་ལོ་སི་ཕུ་ཇི་མན་གྱིས་བརྙན་འཕྲིན་བརྒྱུད་ནས་གཏམ་བཤད་བྱས་པ་ལྟར་ན་ཐེངས་འདིའི་སྤྱི་ཡོངས་འོས་འདེམས་ལ་ཁེ་ཊི་ལོ་ཎི་ཡའི་མི་མང་བརྒྱ་ཆ་༨༣་གྱིས་འོས་ཤོག་འཕངས་ཡོད། འདི་ནི་ཁེ་ཊི་ལོ་ཎི་ཡའི་མི་དམངས་ལ་རྒྱལ་ཁ་ཞིག་ཡིན། སྲིད་བློན་རོ་ཧེ་དང་ཁོ་པའི་ཕྱོགས་གཏོགས་པ་ཚོར་ཕམ་ཉེས་ཆེན་པོ་ཞིག་བྱུང་བ་དང་། སི་པེན་གྱི་སྲིད་བློན་ལ་འགལ་ཟླ་ཐག་གཅོད་བྱ་འདོད་ཡོད་ན་རང་གི་སྲིད་ཇུས་ལ་འགྱུར་བ་འཕྲལ་དུ་གཏོང་དགོས། ཁ་སྔོན་ཕྱི་ཟླ་༡༠་ནས་སི་པེན་གྱི་དབུས་གཞུང་གིས་ཁེ་ཊི་ལོ་ཎི་ཡར་ཐད་ཀར་དབང་སྒྱུར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཁེ་ཊི་ལོ་ཎི་ཡའི་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་སི་པེན་གཞུང་གིས་དུས་ཡུན་སྐར་མ་གཅིག་ལའང་བཙོན་འཇུག་བྱས་ནས་འཇོག་མི་ཆོག་ཅེས་ནན་བརྗོད་བྱས་མོད། འོན་ཀྱང་སྐུ་ཞབས་ཕུ་ཇི་མན་གྱིས་རང་ཉིད་མྱུར་དུ་ཁེ་ཊི་ལོ་ཎི་ཡར་ཕྱིར་ལོག་བྱས་ནས་ས་གནས་དེའི་འཛིན་སྐྱོང་གི་ལས་འགན་བཞེས་རྒྱུ་ཡིན་མིན་གསལ་བོ་བཤད་མེད་ཅིང་། ཁར་ལོ་སི་ཕུ་ཇི་མན་གྱི་སྲིད་དོན་ཚོགས་པར་ས་གནས་གྲོས་ཚོགས་སུ་འཐུས་མི་༣༤་ཙམ་གྱི་གདན་གྲངས་ཐོབ་སྟེ་འོས་འདེམས་སྔོན་མའི་སྐབས་ལས་ཀྱང་གདན་གྲངས་གཉིས་མང་བ་ཐོབ་ཡོད། སྲིད་བློན་རོ་ཧེའི་སྲིད་དོན་ཚོགས་པར་ཁེ་ཊི་ལི་ཎི་ཡའི་ས་གནས་གྲོས་ཚོགས་སུ་འཐུས་མི་གསུམ་གྱི་གདན་གྲངས་ལས་ཐོབ་མེད། ཁ་ཊི་ལོ་ཎི་ཡའི་གཅིག་སྒྲིལ་ཚོགས་པ་ས་གནས་དེའི་གྲོས་ཚོགས་སུ་ཁ་གཏད་ཚོགས་པ་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ཏེ། མ་འོངས་པར་སྲིད་དོན་ཚོགས་པ་དེས་ཁེ་ཊི་ལོ་ཎི་ཡའི་ས་གནས་གྲོས་ཚོགས་སུ་རང་བཙན་ཕྱོགས་ཁག་གི་སྟོབས་ཤུགས་གཅོག་ཐུབ་པའི་རྣམ་པ་ཞིག་ཐོན་ཡོད་པ་རེད།།

XS
SM
MD
LG