ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་བློ་དོགས།
please wait

No media source currently available

0:00 0:04:25 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོ་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་འགྲེམ་འཇོག་བྱས་ཏེ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཏེ། འདས་པའི་ལོ་མང་རིང་ལ་རྒྱ་དཀར་ནག་གི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་ཕན་ཚུན་ཡིད་ཆེས་སྐྲུན་ཐབས་ཀྱི་འབད་བརྩོན་བྱས་པ་རྣམས་ནག་བསུབ་བཏང་རུང་། གཟའ་འཁོར་འདིར་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལྡི་ལི་གསར་པར་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་སུ་ཝྭ་ར་ཇི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཀྱིས་གྲོས་མོལ་ལྷུག་པོ་བྱུང་སྟེ། རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཡོད་པ་དེར་མུ་མཐུད་དུ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུ། རྒྱ་དཀར་ནག་གཉིས་ལ་ཕན་ཚུན་ཡིད་ཆེས་མེད་པའི་དཀའ་ངལ་ཡོད་པ་སེལ་ཐབས་བྱ་རྒྱུའི་གྲོས་མཐུན་བྱུང་འདུག ༢༠༡༧་ལོའི་ཕྱི་ཟླ་༦་ནས་ཟླ་གསུམ་ཡས་མས་ཤིག་ལ་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་གི་ཛ་དྲག་བྱུང་ནས་བཟུང་། ཐེངས་འདིར་ཝང་དབྱི་ནི་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་ས་ཝྭ་ར་ཇིས་གསར་འགོད་པ་ཚོར་བཤད་པ་ལྟར་ན་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས་པ་དང་། ང་དང་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ལ་གྲོས་གཞི་དང་དམིགས་ཡུལ་ངེས་ཅན་མེད་པར་སླར་ཡང་ཐུག་འཕྲད་བྱུང་ན་དགེ་མཚན་ཡོད་པའི་གྲོས་མཐུན་བྱུང་ཡོད། ང་ཚོ་ཐུག་འཕྲད་བྱས་ན་ཕན་ཚུན་རྒྱུས་མངའ་ལོན་ཐུབ་པའི་ཕན་ཐོགས་ཡོད་ཅེས་བཤད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཀྱང་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་རྒྱལ་སྤྱིའི་རྩོད་གཞི་ཁག་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་དགོས་པའི་གྲོས་མཐུན་བྱུང་ཡོད། ང་ཚོས་ཕན་ཚུན་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེར་བརྩི་འཇོག་བྱེད་ཀྱིན་ཡོད། སུ་ཞིག་ཡིན་རུང་དྲག་པོའི་སྟོབས་ཤུགས་ངོམ་ནས་གནད་དོན་ཐག་གཅོད་བྱ་དགོས་པའི་ལྟ་ཚུལ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་བཤད་ཀྱང་ཝང་དབྱིའི་སྐད་ཆ་དེའི་དམིགས་འབེན་གཙོ་བོ་སུ་ལ་དམིགས་ཡོད་མེད་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་ཅིང་། ད་ཐེངས་ཀྱི་འཚམས་གཟིགས་འདི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆེད་མངགས་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་ཞིག་མིན་པ་སྟེ། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅོ་ལྔ་པ་ལྡི་ལི་གསར་པར་ཚོགས་པ་དང་། དེར་བརྟེན་འབྲེལ་ཡོད་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུའི་ཞོར་དུ་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་གྲོས་མོལ་བྱུང་ཡོད་པ་རེད། ཝང་དབྱི་དང་སུ་ཤི་མ་སུ་ཝྭ་ར་ཇི་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་ཁག་ལ་ཞི་བདེ་བསྐྲུན་རྒྱུ་དང་། ཁོ་ཚོས་ཕན་ཚུན་ཡིད་ཆེས་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱིན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་མོད། ཟླ་བ་སྔོན་མའི་ཟླ་མཇུག་དེར་རྒྱ་ནག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་ནས་དམག་དཔུང་ཡོངས་སུ་རྫོགས་པ་ཕྱིར་འཐེན་བྱས་མེད་ཅེས་ངེས་གཏན་བྱས་པ་དང་། ད་དུང་ཡང་རྒྱ་ནག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་མི་༡༦༠༠་ནས་༡༨༠༠་ཡས་མས་ཤིག་འགྲེམ་འཇོག་བྱས་ཡོད་པ་མ་ཟད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཐད་འཕུར་གནམ་གྲུ་གཉིས་དང་དམག་སྒར་ཁག་ཀྱང་སྔར་བཞིན་བཞག་སྟེ། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་རྩོད་གཞི་ཅན་གྱི་ས་ཁུལ་དེར་རྒྱ་ནག་གི་གཏན་འཇགས་དམག་སྒར་ཚུགས་བཞིན་འདུག་ཅེས་གནས་ཚུལ་སྤེལ་འདུག འབྲུལ་ཡུལ་དང་རྒྱ་གར་གཞུང་གིས་འབྲོག་ལམ་ས་ཁུལ་ནི་འབྲུག་པའི་མངའ་ཁོངས་ཡིན་ཞེས་རྒྱ་ནག་ལ་རྩོད་པ་རྒྱག་གི་ཡོད་པ་དང་། ད་ལོ་རྒྱ་གར་གཞུང་གིས་ཆིངས་ཡིག་གི་འབྲུ་དོན་ལྟར་བོད་ཀྱི་འབྲོག་ལམ་ས་ཁུལ་ལ་དམག་བཏང་ནས་འབྲུག་པའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱས་ཡོད་པ་རེད། རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་པས་ཕྱོགས་གཉིས་ལ་ཡུན་རིང་གི་འགལ་ཟླ་ཡོད་པ་དང་རྒྱ་དཀར་ནག་གཉིས་ཕན་ཚུན་སེམས་པའི་གཏིང་ན་ཡིད་ཆེས་མེད་པའི་དོགས་པ་སེལ་ཐུབ་རྒྱུ་ཁག་པོ་ཡིན། ཁོ་ཚོ་ཐུག་འཕྲད་གྲོས་མོལ་བྱས་པ་ཁོ་ན་བཟང་ཕྱོགས་ཀྱི་རྟགས་མཚན་ཞིག་ཡིན་ཞེས་བཤད་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཉམས་ཞིབ་ཁང་གི་ལྷོ་ཨེ་ཤི་ཡ་དང་དབུས་ཨེ་ཤི་ཡའི་ཉམས་ཞིབ་པ་ཝང་ཏེ་ཧྭ་ཡིས་ཐེངས་འདིའི་ཐུག་འཕྲད་གྲོས་མོལ་རྗེས་སུ་མ་མཐའ་ཡང་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་པས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་དགོས་པ་དང་། ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀར་རང་གི་འགལ་ཟླ་དེ་དག་སེལ་འདོད་ཡོད་པ། ཁོ་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱ་དགོས་པའི་རྣམ་འགྱུར་ཞིག་བསྟན་ཡོད། ཡིན་ནའང་ཟླ་ཤས་གོང་དུ་རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཆེན་པོ་བྱུང་བའི་འགལ་ཟླ་རྒྱབ་ཏུ་བསྐྱུར་ཐུབ་རྒྱུ་ཡིན་མིན་དང་། རྒྱ་དཀར་ནག་གཉིས་ལ་ཕན་ཚུན་དགྲ་འཛིན་གྱི་འདུ་ཤེས་ཡོད་པ་འདོར་ཐུབ་རྒྱུ་ཡིན་མིན་གཞི་ནས་བལྟ་རྒྱུ་རེད་ཅེས་བཤད་འདུག རྒྱ་གར་གྱི་སྲིད་ཇུས་ཉམས་ཞིབ་ཁང་ཞིག་གི་གཙོ་འཛིན་གུ་རུ་སྭ་མི་ཞེས་པ་ཞིག་གིས་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཐུག་འཕྲད་གྲོས་མོལ་ལ་ཡིད་རྟོན་ཅི་ཡང་མེད། རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ཐག་གཅོད་བྱེད་ཐུབ་པའི་རེ་བའང་ཧ་ཅང་ཆུང་། རྒྱ་གར་མི་དམངས་ཀྱི་བསམ་བློའི་ནང་དུ་རྒྱ་ནག་ལ་ཡིད་ཆེས་མེད་པའི་དོགས་པ་སངས་ཐུབ་མེད། རྒྱ་དཀར་ནག་གཉིས་དུས་དང་རྣམ་པ་ཀུན་ཏུ་འགྲན་ཡར་གྱུར་ནས་ཕན་ཚུན་ཡིད་ཆེས་མི་ཐུབ། རྒྱ་དཀར་ནག་གཉིས་ཕན་ཚུན་འགྲན་ཡར་གྱུར་པ་ཙམ་གྱིས་དགྲ་ཟླར་འགྱུར་དགོས་པའི་རྒྱུ་མཚན་མེད། པེ་ཅིང་དང་ལྡི་ལི་གསར་པའི་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བཤད་འདུག

XS
SM
MD
LG