ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྟོན་པ་ཡེ་ཤུའི་ཚབ་ཏུ་ཞིས་ཅིན་ཕིང་གི་འདྲ་པར་བཤམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་ལྷོ་ཤར་གྲོང་ཁྱེར་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་འཚོ་བའི་གནས་ཚད་ཡར་རྒྱས་ཕྱིན་རུང་། རྒྱ་ནག་གི་ལྷོ་ཤར་ས་གནས་ཁག་གི་གྲོང་གསེབ་པ་ས་ཡ་མང་པོ་སྔར་བཞིན་དབུལ་ཕོངས་ཀྱི་དཀའ་ངལ་འོག་ཏུ་ཚུད་ཡོད་ཅིང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ལྷོ་ཤར་ས་གནས་ཁག་གི་གྲོང་གསེབ་པ་ཚོར་སྲིད་གཞུང་གི་སྐྱོབ་གསོ་དང་དཔལ་འབྱོར་རོགས་རམ་སྤྲོད་དགོས་ཚེ། གྲོང་གསེབ་པ་ཚོས་རང་གི་ས་གནས་ཁག་ལ་ཡེ་ཤུ་ལྷ་ཁང་བཞེངས་ཡོད་པ་དང་། ཁྱིམ་ཚང་གི་མཆོད་གཤོམ་ནང་དུ་སྟོན་པ་ཡེ་ཤུའི་སྐུ་བརྙན་དང་ཡེ་ཤུའི་གསུང་རབ་བཤམས་ཡོད་པ་རྣམས་མེད་པར་བཏང་སྟེ། སྟོན་པ་ཡེ་ཤུའི་སྐུ་གསུང་ཐུགས་རྟེན་གྱི་ཚབ་ཏུ་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་བཤམ་དགོས། སྲིད་གཞུང་གི་སྐྱོབ་གསོ་དང་དཔལ་འབྱོར་རོགས་རམ་བླངས་པའི་ཉི་མ་དེ་ནས་རྒྱ་ནག་གི་ལྷོ་ཤར་ས་ཁུལ་དེའི་གྲོང་གསེབ་པ་ཚོས་ཡེ་ཤུ་ཆོས་ལུགས་ལ་ཡིད་ཆེས་དང་དད་མོས་བྱེད་མི་ཆོག ཁོ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་སྐྱབས་སུ་འཛིན་དགོས་ཞེས་ཆ་རྐྱེན་བཞག་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་ཅང་ཞི་ཞིང་ཆེན་ཡུས་ཀང་རྫོང་ལ་མི་འབོར་ས་ཡ་གཅིག་ལྷག་ཡོད། མི་གྲངས་ས་ཡ་གཅིག་ལྷག་ཡོད་པ་དེའི་བརྒྱ་ཆ་༡༡་ཙམ་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པ་དང་། མི་མང་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་མི་གྲངས་བརྒྱ་ཆ་༡༡་ཡོད་པ་དེའི་ནང་གི་མི་གྲངས་བརྒྱ་ཆ་༡༠་ཡེ་ཤུ་ཆོས་དད་པ་ཁོ་ནས་ཟིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་སྐྱོབ་གསོ་དང་མི་མང་གི་ཆོས་ལུགས་དད་མོས་གཉིས་འབྲེལ་བ་མཐུད་དེ། ཡེ་ཤུ་ཆོས་དད་པ་ཚོས་མི་རབས་མང་པོ་དད་མོས་བྱས་པའི་ཆོས་ལུགས་དེ་ཉིད་འདོར་དགོས་ཐུག་ཡོད། ད་ལྟ་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོར་མའོ་ཙེ་ཏུང་གི་དུས་སུ་ཡེ་ཤུ་ལྷ་ཁང་ཁག་གི་སྟོན་པ་ཡེ་ཤུའི་སྐུ་བརྙན་རྣམས་མར་བཀོག་པ་དང་། དེའི་ཚབ་ལ་མའོ་ཙེ་ཏུང་གི་འདྲ་པར་བཤམས་པའི་རིག་གནས་གསར་བརྗེའི་དུས་སྐབས་དེ་ཉིད་ཕྱིར་ལོག་བྱེད་ཀྱི་ཡོད་པའི་ཚོར་བ་ཞིག་སྟེར་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་མི་དམངས་ཀྱི་ཆོས་ལུགས་དད་མོས་ལ་རྡོག་བརྫིས་གཏོང་ཡུལ་ཡེ་ཤུ་ཆོས་དད་པ་རྣམས་གཅིག་པུ་མིན། དཔེར་ན་རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེའི་ཁག་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་བརྙན་རྣམས་གཏོར་བཤིག་བཏང་སྟེ། དགོན་པའི་ནང་དུ་མའོ་ཙེ་ཏུང་གི་འདྲ་པར་བཤམས། དེང་སྐབས་རྒྱ་ནག་གཞུང་གིས་བོད་པ་ཚོར་སྐྱོབ་གསོ་དང་དཔལ་འབྱོར་རོགས་རམ་དགོས་ན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་མཆོད་གཤོམ་ནང་དུ་སྒྲིག་གཤོམ་མི་ཆོག་པ་དང་། བོད་པ་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཁག་གི་འདྲ་པར་བཤམས་པའམ། ཡང་ན་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་བཤམས་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་ཅིང་། སྲིད་འཛིན་ཞིས་ཅིན་ཕིང་གིས་ཕྱི་ལོ་༢༠༢༠་མཚམས་སུ་རྒྱ་ནག་ལ་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་རུང་། རྒྱ་ནག་གཞུང་གིས་དབུལ་ཕོངས་ཀྱི་དཀའ་ངལ་སེལ་པའི་ཞོར་དུ་མི་མང་གི་ཆོས་ལུགས་དད་མོས་ཀྱང་མེད་པར་གཏོང་གི་ཡོད་དང་། རྒྱ་ནག་དམར་ཤོག་ཚོགས་པ་མི་མང་གི་ལུས་ངག་ཡིད་གསུམ་ཐིམ་དུ་འཇུག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་འདུག་ཅེས་ཉམས་ཞིབ་པ་ཚོར་བློ་འཚབ་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཅང་ཞི་ཞིང་ཆེན་གྱི་ཡུའི་ཀང་རྫོང་། ཧྭང་ཅིན་བྷུ་གྲོང་རྡལ་གྱི་ཁྱིམ་ཚང་དབུལ་ཕོངས་ཁག་ལ་གཞུང་གི་ལས་བྱེད་པ་རྣམས་བསམ་བློའི་སློབ་གསོ་གཏོང་དུ་སོང་བ་དང་། ཁོ་ཚོས་གྲོང་གསེབ་པ་ཚོས་ཡེ་ཤུ་ཆོས་ལུགས་ཀྱི་ཚབ་ཏུ་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་དང་དད་མོས་བྱ་རྒྱུའི་ཁས་ལེན་བྱས་སོང་། གྲོང་གསེབ་པ་༦༠༠་ལྷག་གིས་རང་མོས་ཀྱི་སྒོ་ནས་རང་ཁྱིམ་དུ་ཉར་འཛིན་བྱེད་ཡོད་པའི་སྟོན་པ་ཡེ་ཤུའི་ཐང་ཀ་དང་སྐུ་བརྙན། ཡེ་ཤུའི་གསུང་རབ་རྣམས་མེད་པར་བཏང་སོང་། ཁྱིམ་ཚང་༤༥༣་གྱི་ནང་དུ་སྲིད་འཛིན་ཞིས་ཅིན་ཕིང་གིས་འདྲ་པར་བཤམས་ཡོད་ཅེས་གནས་ཚུལ་སྤེལ་འདུག ཧྭང་ཅིན་བྷུ་གྲོང་རྡལ་གྱི་མི་དམངས་འཐུས་མི་ཆི་ཡན་གྱིས་ན་ནིང་ཕྱི་ཟླ་༣་ནས་ཡུའི་ཀང་རྫོང་གི་ས་གནས་ཡོངས་ལ་ཡེ་ཤུ་ཆོས་ལུགས་མེད་པར་གཏོང་བོའི་ལས་འགུལ་ཚུགས་ཡོད། ང་ཚོས་ཡེ་ཤུ་ཆོས་དད་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པས་མི་མང་གི་དབུལ་ཕོངས་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཞིས་ཅིན་ཕིང་གིས་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཅི་ཙམ་བྱེད་ཀྱི་ཡོད་མེད་ཀྱི་སློབ་གསོ་བཏང་བ་ཡིན་ཞེས་བཤད་མོད། འོན་ཀྱང་ཧྭ་ཅིན་བྷུ་གྲོང་རྡལ་གཅིག་པུར་ཡེ་ཤུ་ཆོས་དད་པའི་ཁྱིམ་ཚང་སྟོང་ཕྲག་ལྔ་དྲུག་ཅིག་ཡོད། ཁྱིམ་ཚང་གཞན་ཚོས་སྟོན་པ་ཡེ་ཤུའི་སྐུ་བརྙན་དང་ཡེ་ཤུའི་གསུང་རབ་རྣམས་མེད་པར་བཏང་སྟེ། ཁོ་ཚོས་རང་གི་མཆོད་གཤོམ་ནང་དུ་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་བཤམས་ཡོད་མེད་གསལ་བོ་མེད་པ་དང་། ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཡེ་ཤུ་ཆོས་དད་པ་ས་ཡ་༦༧་ཙམ་ཡོད། རྒྱ་ནག་དམར་ཤོག་ཚོགས་པར་ཚོགས་མི་ས་ཡ་༩༠་ལྷག་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་ལུགས་གང་ལའང་དད་མོས་བྱེད་མི་ཆོག ཁོ་ཚོས་གུང་ཁྲན་ཏང་སྐྱབས་གནས་སུ་འཛིན་དགོས། མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཡེ་ཤུ་དང་ནང་པ། ཁ་ཆེ་སོགས་ལས་ཀྱང་མང་དུ་འགྲོ་སྲིད་པའི་ཉེན་ཀ་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG