ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་རྟགས་ཀྱི་གཟེངས་ཕུལ་སྟེ་ལོ་བཅུ་འཁོར་བའི་དུས་དྲན།


ཕྱི་ཟླ་༡༠པའི་ཚེས་༡༧གྱི་ཉིན་མོ་དེ་ནི་ ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་སྟོད་ཆེ་ཤོས་གསེར་གྱི་གཟེངས་རྟགས་ཕུལ་ཏེ་ ལོ་ངོ་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་ཞིང་ གཟེངས་རྟགས་འབུལ་བཞེས་ཀྱི་རྟེན་འབྲེལ་མཛད་སྒོར་ སྐབས་དེའི་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཇོར་ཇྷི་ བྷུཤ་མཆོག་དང་གྲོས་ཚོགས་ཀྱི་དབུ་ཁྲིད་རྣམ་པ་སོགས་མཐོ་རིམ་མི་སྣ་མང་པོ་ཕེབས་ཞུགས་གནང་སྟེ་ མགོན་པོ་མཆོག་གི་མཛད་རྗེས་བླ་ན་མེད་པ་དག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་སྟོན་གནང་ཡོད་པ་རེད་ དུས་དྲན་གྱི་ཉིན་མོ་འདིར་ འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་སྲུང་བརྩི་ཞུ་གི་ཡོད་ཅིང་ ད་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དུས་དྲན་གྱི་གསལ་བསྒྲགས་ཤིག་སྤེལ་གནང་འདུག་པ་དང་་དེ་བཞིན་ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་ཁོངས་ཀྱི་འཐུས་མིའི་དབུ་ཁྲིད་ལྕམ་ནེན་སི་ པི་ལོ་སི་ཡིས་གསུང་འཕྲིན་ཞིག་གནང་སྟེ་ བོད་མི་རྣམས་དང་མཉམ་དུ་རང་ཉིད་ཀྱང་དགའ་སྤོབ་ཤིན་ཏུ་ཆེ་བའི་སྒོ་ནས་དུས་དྲན་ལ་སྲུང་བརྩིའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ཅེས་གསུངས་འདུག་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG