ངོ་འཕྲད་བདེ་བའི་དྲ་འབྲེལ།


༄༅།། དེང་སྐབས་ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱས་འཛོམས་ཚོགས་ཆེན་ཚོགས་བཞིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཚོགས་ཆེན་ལ་ཕེབས་ནས་གཏམ་བཤད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལོ་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་མེད། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་མེད་པའི་རྒྱུ་རྐྱེན་ཅི་ཡིན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སྲིད་དབང་འཐབ་རྩོད་ཀྱི་རྣོ་ངར་ཇེ་ཆེར་སོང་བ་ཡིན་མིན་བཅས་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་སྟེ། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ལ་མ་ཕེབས་པ་ནི་ཟླ་བ་རྗེས་མར་འཚོགས་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ལ་འབྲེལ་བ་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཚོགས་ཆེན་གྱི་གྲོས་གཞི་དང་མ་འོངས་པའི་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ལ་འགལ་ཟླ་བྱུང་སྟེ། ཞིས་ཅིན་ཕིང་ལ་རང་གི་ཁ་གཏད་པ་ཚོར་ཚོགས་ཆེན་གྱི་གྲོས་གཞི་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་བྱེད་དུ་འཇུག་འདོད་མེད། ལྷག་པར་དུ་མ་འོངས་པའི་རྒྱ་ནག་གི་མི་རབས་གསར་པའི་འགོ་ཁྲིད་གྲས་སུ་ཞིས་ཅིན་ཕིང་ལ་རང་ཕྱོགས་ཀྱི་མི་རྣམས་བསྐོ་བྱ་དགོས་པའི་དམིགས་ཡུལ་ཡོད་པའི་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་མ་ཕེབས་པ་རེད་ཅེས་གླེང་སློང་བྱུང་ཡོད།

ཐོག་མར་རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་འགོ་ཁྲིད་ཏིང་ཤའོ་ཕིང་གིས་རྒྱལ་ཁབ་ཀྱི་ཆེས་མཐོ་འགོ་ཁྲིད་ཚོར་འཕོ་འགྱུར་གཏོང་སྟངས་ཀྱི་ལམ་སྲོལ་ཞིག་གཏན་འབེབས་བྱས་པ་ལྟར་ན་རྒྱ་ནག་གི་ཏང་སྲིད་དམག་གི་ཆེས་མཐོ་འགོ་ཁྲིད་དེས་ལོ་ལྔ་ཚན་གཉིས་ལ་སྲིད་དབང་བཟུང་བའི་རྗེས་སུ་འཕོ་འགྱུར་འགྲོ་དགོས་པ་དང་། འགོ་ཁྲིད་གང་ཞིག་གི་ལོ་ལྔ་ཚན་གཉིས་པའི་དུས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་རེ་འཚོགས་ནས། རྒྱ་ནག་གི་སྲིད་འཛིན་ལས་ཐོག་དེའི་རྗེས་འཛིན་པ་སྲིད་འཛིན་གཞོན་པར་བསྐོ་བཞག་བྱ་དགོས། དེར་བརྟེན་ལོ་༢༠༡༧་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་ལས་དུས་གཉིས་པ་འགོ་ཚུགས་དགོས་པ་མ་ཟད། རྒྱ་ནག་དམར་ཤོག་གི་མི་རབས་དྲུག་པའི་འགོ་ཁྲིད་གསར་པ་ཞིག་ཀྱང་གཏན་འབེབས་བྱ་དགོས་པ་དང་། ༢༠༢༢་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་ནས་ཏང་གི་མི་རབས་དྲུག་པའི་འགོ་ཁྲིད་ཚོས་སྲིད་དབང་འཛིན་དགོས། ཡིན་ནའང་ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་རྒྱུ་ཡིན་མིན་ངེས་གཏན་མེད།

​༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཁོ་པས་པའོ་ཤི་ལེ་དང་ཀྲུག་ཡུང་ཁང་སོགས་རྒྱ་ནག་གི་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་བརྒྱ་ཕྲག་འགའ་ཞིག་གནས་དབྱུང་བཏང་ནས་བཙོན་ཁང་དུ་བཅུག་པ་དང་། ད་ལྟ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཝང་ཆི་ཧྲན་ཡང་འཕོ་འགྱུར་འགྲོ་རྒྱུ་མིན་པའི་གནས་ཚུལ་ཞིག་སྒྲོག་བཞིན་པ་བདེན་པ་ཡིན་ཚེ། ཞིས་ཅིན་ཕིང་གིས་མའོ་ཙེ་ཏུང་ལ་མིག་དཔེ་བལྟས་ནས་མི་ཚེ་ཧྲིལ་བོར་རྒྱ་ནག་གི་སྲིད་དབང་འཛིན་སྲིད་པའི་ཉེན་ཀ་ཡོད། ཞིས་ཅིན་ཕིང་གི་བྱས་རྗེས་སུ་ངོམ་པའི་གྲུབ་འབྲས་གཙོ་བོ་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་སོང་སྟེ། རྒྱ་ནག་རྒྱལ་སྤྱིའི་ཐོག་ཏུ་སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་ལ་འགྱུར་བཞིན་ཡོད། རྒྱ་ནག་གི་འཕེལ་རྒྱས་དེའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། འདས་པའི་ལོ་ལྔའི་རིང་ལ་ཞིས་ཅིན་ཕིང་རྒྱལ་ཁབ་༣༠་ལྷག་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་དང་རྒྱལ་ཁབ་དེ་དག་གི་འབྲེལ་བ་ཡར་རྒྱས་བཏང་ཡོད། ཉེ་དུས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་སྟོབས་ཤུགས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱ་སྐྱེད་འགྲོ་བཞིན་ཡོད། ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་དཀའ་ངལ་སྣ་མང་ཞིག་རྒྱ་ནག་གི་འདོད་མོས་ལྟར་ཐག་གཅོད་བྱ་དགོས་པ་དང་། རྒྱ་ནག་གི་སྟོབས་འབྱོར་ཅི་ཙམ་ཡར་རྒྱས་སོང་ན་རྒྱ་ནག་གིས་དེ་ཙམ་གྱིས་འཛམ་གླིང་གི་ལས་དོན་ཁག་ལ་ཐེ་གཏོགས་བྱེད་པའི་འགན་ཁུར་ལེན་དགོས་ཟེར་གྱི་ཡོད་ཅིང་། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་གི་སྲིད་ཇུས་དང་དམིགས་ཡུལ་དེ་དག་ལ་གྲུབ་འབྲས་བཟང་པོ་ཞིག་ཐོན་མེད། དཔེར་ན་རྒྱ་ནག་གཞུང་གིས་རང་ངོས་ནས་ཤར་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་ས་ཐིག་འཐེན་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་བསླངས་པ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་རྒྱ་ནག་གིས་འགོག་མ་ཐུབ་པ་དང་། རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་རྒྱ་གར་ལ་འཁྲུག་རྩོད་བསླངས་ནས་ཛ་དྲག་བྱུང་བ། རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་བ་རྣམས་ཞིས་ཅིན་ཕིང་གི་ཕྱི་འབྲེལ་སྲིད་ཇུས་དེའི་མཇུག་འབྲས་ཡིན། སྐད་ཆ་གསལ་བོར་བཤད་ན་རྒྱ་ནག་གིས་ཁྱིམ་མཚེས་བཟང་པོ་ཟེར་པའི་མིང་ཚིག་དེར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དགའ་བསུ་གཏན་ནས་ཐོབ་མེད་ཅེས་བཤད་འདུག

རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཧྲེན་དིང་ལིས་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་མ་ཐུབ་པ་གཅིག་པུ་མིན། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་འགོག་སྲུང་འཕུར་མདེལ་འཛུགས་རྒྱུ་ཡང་འགོག་ཐུབ་མེད། ཤར་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་རྒྱ་ནག་གིས་ས་ཐིག་འཐེན་པར་ཨ་མི་རི་ཀ་དང་ཉི་ཧོང་གིས་བརྩི་མེད་བཏང་བ་དང་། ཐ་ན་ཨུ་རུ་སུས་ཀྱང་ས་ཐིག་དེར་བརྩི་འཇོག་མ་བྱས་པའི་གནས་ཚུལ་བྱུང་ཡོད་ཅེས་བཤད་ཡོད། རྒྱ་ནག་ཤར་ཕྱོགས་ཀྱི་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཧྲེན་ཀྲི་ཧྭས་རྒྱ་ནག་གིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་ནང་འགལ་ཆེན་པོ་འདུག སྲིད་ཇུས་དེར་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་རྒྱུའི་ཉེན་ཀའང་ཡོད། བྱང་ཀོ་རི་ཡས་རྒྱ་ནག་དགྲ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ནས་དམག་འཁྲུག་བརྒྱབ་ན་སྔོན་ལ་རྒྱ་ནག་གིས་གོད་ཆག་མྱོང་དགོས། རྒྱ་ནག་གིས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་འགོག་སྲུང་འཕུར་མདེལ་འཛུགས་མི་ཆོག་ཅེས་གནོན་ཤུགས་ཆེན་པོ་སྤྲད་ནས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ ཉི་ཧོང་གསུམ་གྱི་འབྲེལ་བ་ཡག་ཏུ་སོང་ཡོད་པ་དང་། སྔོན་ཆད་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་བཟང་པོ་མེད་པས་ལྷོ་ཀོ་རི་ཡ་རྒྱ་ནག་གི་མཐུན་གྲོགས་ཤིག་ལ་བརྩི་ཆོག ད་ལྟ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་འགྲོ་བཞིན་འདུག་ཅེས་བཤད་འདུག ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རིང་དེར་ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ་དང་རྒྱ་ནག ཝི་ཏེ་ནམ་དང་རྒྱ་ནག ཧྥི་ལི་ཕིན་དང་རྒྱ་ནག རྒྱ་གར་དང་རྒྱ་ནག་བཅས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ། ཞིས་ཅིན་ཕིང་གིས་ལག་ལེན་བསྟར་པའི་བཙན་དྲག་གི་སྲིད་ཇུས་དེར་གྲུབ་འབྲས་བཟང་པོ་ཞིག་ཐོན་མེད་ཅེས་སྐྱོན་བརྗོད་ཕོག་གི་ཡོད་པ་རེད།།

XS
SM
MD
LG