ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་དཀར་ནག་གི་ཆུའི་ཐོན་ཁུངས་བདག་རྩོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་གར་དང་བྷང་ག་ལ། པ་ཀི་སི་ཐན་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་༤༠་ཙམ་གྱི་འཐུང་ཆུ་དང་ས་ཞིང་འདེབས་ལས་ལ་མཁོ་བའི་ཆུའི་ཐོན་ཁུངས་ནི་བོད་ཀྱི་ཁ་འབབ་རྣམ་བཞི་དང་རྨ་འབྲི་རྫ་གསུམ་བཅས་བོད་མཐོ་སྒང་གི་གངས་རི་དག་ལས་འབབ་པའི་ཆུ་བོ་ཆེན་པོ་རྣམས་ལ་ཐུག་ཅིང་། བོད་མཐོ་སྒང་གི་ཆུ་རྒྱུན་ཆད་ན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཐན་པ་དང་བཀྲེས་ལྟོགས་སོགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། དེ་རིང་ཕྱི་ཟླ་༩་ཚེས་༡༩་ཉིན་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་གསར་འགོད་པ་ཚོར་ལྷོ་ཨེ་ཤི་ཡའི་ཆར་ཞོད་ཀྱི་དུས་དང་དབྱར་ཀར་ཐན་འབྱུང་དུས་ཡར་ཀླུངས་གཙང་པོའི་མགོ་ཁུངས་ཀྱི་ཆུའི་མཐོ་ཚད་དང་དམའ་ཚད། ཡར་ཀླུངས་གཙང་པོའི་སྟེང་དུ་རྒྱ་ནག་གིས་ཆུ་ཤུགས་གློག་ཁང་འགའ་ཞིག་འཛུགས་སྐྲུན་བྱས་ཡོད་པ་དེ་དག་གི་ཆུ་མཛོད་ནང་དུ་བསྐྱིལ་པའི་ཆུའི་སྤུས་ཚད་བཅས་ལ་བརྟག་དཔྱད་བྱས་ཏེ། བརྟག་དཔྱད་ཀྱི་གྲུབ་འབྲས་རྣམས་རྒྱ་གར་ལ་དུས་ཐོག་ཏུ་མཁོ་སྤྲོད་བྱ་དགོས་པའི་གྲོས་མཐུན་བྱུང་མོད། འོན་ཀྱང་ད་སྔ་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཆུ་བོ་ཁག་ལ་འཕེལ་འགྲིབ་ཅི་ཞིག་འབྱུང་གི་ཡོད་མེད་དང་ཆུའི་སྤུས་ཚད་སོགས་ལ་བརྟག་དཔྱད་བྱས་པའི་གྲུབ་འབྲས་རྣམས་རྒྱ་གར་ལ་མཁོ་སྤྲོད་བྱས་མ་སོང་ཞེས་བཤད་འདུག རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཆུ་ཤུགས་གློག་ཁང་ཁག་ཡར་རྒྱས་གཏོང་བཞིན་ཡོད། ཆུ་ཤུགས་གློག་ཁང་དེ་དག་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཅིག་རྒྱ་གར་ལ་མཁོ་སྤྲོད་བྱ་ཐུབ་ས་མ་རེད་ཅེས་ལན་བྱས་འདུག་རུང་། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྩད་གཅོད་བྱས་པ་ལྟར་ན་རྒྱ་ནག་གཞུང་གིས་རྒྱ་གར་ལ་མཁོ་སྤྲོད་བྱེད་ཀྱི་མེད་པའི་གནས་ཚུལ་རྣམས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་དང་། ཡར་ཀླུངས་གཙང་པོའི་སྨད་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཁག་ལ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ༢༠༠༢་ནས་རྒྱ་ནག་གིས་བོད་མཐོ་སྒང་གི་ཆུ་ཤུགས་གློག་ཁང་གསུམ་གྱི་ཆུ་མཛོད་ཁག་གི་ཆུའི་ཚད་གཞི་གང་ལ་སླེབས་ཡོད་མེད་ཀྱི་གནས་ཚུལ་རྣམས་རྒྱུན་ཆད་མེད་པར་བྷང་ག་ལའི་གཞུང་ལ་མཁོ་སྤྲོད་བྱས་ཡོད། ཉེ་དུས་བར་དུ་རྒྱ་དཀར་ནག་གཉིས་ཀྱིས་ཡར་ཀླུངས་གཙང་པོར་འཕེལ་འགྲིབ་འབྱུང་གི་ཡོད་པའི་གནས་ཚུལ་རྣམས་མཁོ་སྤྲོད་བྱ་དགོས་པའི་གྲོས་མཐུན་ཞིག་ཀྱང་འཇོག་ཐུབ་མེད། རྒྱ་དཀར་ནག་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེ་ལོ་ལྟར་ཕྱི་ཟླ་༥་ཚེས་༡༥་ནས་ཕྱི་ཟླ་༡༠་ཚེས་༡༥་བར་དུ་ལག་ལེན་དགོས་པ་སྟེ། ལྷོ་ཨེ་ཤི་ཡར་དབྱར་གྱི་དུས་སུ་ཆར་ཞོད་ཆེ་བས་ཡར་ཀླུངས་གཙང་པོ་བྲུག་ནས་ཆུ་ལོག་རྒྱུག་གི་ཡོད་པ་དང་། གྲོས་མཐུན་དེའི་དམིགས་ཡུལ་ནི་ཆུ་ལོག་གི་ཉེན་ཀར་གཡོལ་པར་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བྷང་ག་ལ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཡར་ཀླུངས་གཙང་པོའི་མགོ་ཁུངས་སུ་འཕེལ་འགྲིབ་ཅི་ཞིག་འབྱུང་གི་ཡོད་མེད་དུས་ཐོག་ཏུ་གནས་ཚུལ་མཁོ་སྤྲོད་བྱ་དགོས། གཟའ་མིག་དམར་ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ར་ཝྭི་ཤི་ཀུ་མར་གྱིས་ད་ལོའི་ཕྱི་ཟླ་༥་ཚེས་༡༥་ནས་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཡར་ཀླུངས་གཙང་པོའི་འཕེལ་འགྲིབ་སྐོར་གྱི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མ་སོང་། རྒྱ་ནག་གིས་གནས་ཚུལ་མཁོ་སྤྲོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ང་ཚོས་ཤེས་རྟོགས་མི་ཐུབ་པ་དང་། ང་ཚོ་ཕྱོགས་གཉིས་ཀས་ཡར་ཀླུངས་གཙང་པོའི་འཕེལ་འགྲིབ་ཀྱི་གནས་ཚུལ་མཁོ་སྤྲོད་བྱ་དགོས་པའི་གྲོས་མཐུན་བཞག་ཡོད་ཅེས་བཤད་འདུག བདུན་ཕྲག་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་སྐོང་སྟེ། མགྲིན་ཚབ་པ་གེང་ཧྲུའང་གིས་སྔ་ལོ་བོད་མཐོ་སྒང་གི་ཆུ་མཛོད་ཁག་ལ་ཆུ་ལོག་གིས་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད། ད་ལོ་རྒྱ་ནག་གིས་ཆུ་མཛོད་དེ་དག་ལ་ཞིག་གསོ་བྱས་ནས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་གཉེར་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་འཕེལ་འགྲིབ་དང་ཆུའི་སྤུས་ཚད་བཅས་ལ་བརྟག་དཔྱད་བྱ་ཐུབ་མ་སོང་། ང་ཚོས་སྔར་བཞིན་རྒྱ་གར་ལ་ཆུ་ཤུགས་གློག་ཁང་ཁག་གི་གནས་ཚུལ་མཁོ་སྤྲོད་བྱ་ཐུབ་རྒྱུ་ཡིན་མིན་ཡང་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་རག་ལས་ཡོད་ཅེས་བཤད་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་རྒྱ་གར་ལ་མཁོ་སྤྲོད་བྱ་དགོས་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་རྩ་འཛིན་བྱ་རྒྱུ་ཡིན་མིན་ཡང་ཐེ་ཚོམ་ཡིན་པའི་བརྡ་ཞིག་བཏང་ཡོད། རྒྱ་གར་གྱི་འཇིགས་སྣང་གཙོ་བོ་རྒྱ་ནག་གིས་ཡར་ཀླུངས་གཙང་པོ་རྦད་དེ་ཁ་ལོ་བསྒྱུར་རྒྱུ་དང་། རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་ཁག་ལ་འཐུང་ཆུ་དཀོན་པོ་དང་ས་ཆ་སྐམ་པོ། བྱེ་ཐང་དང་ལོ་ལྟར་ཐན་པ་འབྱུང་གི་ཡོད་པའི་དཀའ་ངལ་སེལ་ཐབས་ལ་ཡར་ཀླུངས་གཙང་པོ་ཁ་སྒྱུར་བྱ་སྲིད་པ་སྟེ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞི་ཞེས་གླེང་གི་ཡོད་པ་ལག་ལེན་བསྟར་སྲིད་པའམ། ཡང་ན་རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་སྟེང་དུ་ཆུ་ཤུགས་གློག་ཁང་འགའ་ཞིག་འཛུགས་སྐྲུན་བྱས་ཡོད་པ་དེ་དག་གི་ཆུ་མཛོད་ནང་དུ་ཡར་ཀླུངས་གཙང་པོ་བཀག་སྟེ། དབྱར་ཀར་ཚ་གདུག་ཆེ་དུས་དང་ཐན་པའི་དུས་སུ་ཡར་ཀླུངས་གཙང་པོ་བཀག་ནས་རྒྱ་གར་ལ་ཆུ་རྒྱུན་ཆད་རྒྱུ་དང་། ཆར་ཞོད་དུས་སུ་རྒྱ་ནག་གིས་ཡར་ཀླུངས་གཙང་པོའི་ཆུ་ཤུགས་གློག་ཁང་ཁག་གི་ཆུ་མཛོད་རྣམས་སྒོ་ཕྱེ་སྟེ། རྒྱ་གར་ལ་ཆུ་ལོག་རྒྱུག་ཏུ་འཇུག་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱི་ཨ་སམ་མངའ་སྡེའི་དིབ་རུ་གྷར་ས་གནས་ཀྱི་ཡུལ་མི་ཚོས་སྐབས་འགར་ཡར་ཀླུངས་གཙང་པོ་གློ་བུར་དུ་བྲུག་ཀྱང་སྐབས་འགར་ཡར་ཀླུངས་གཙང་པོ་གློ་བུར་དུ་སྐམ་འགྲོ་ཡི་འདུག ཡར་ཀླུངས་གཙང་པོར་གློ་བུར་དུ་འཕེལ་འགྲིབ་འབྱུང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་བཤད་དཀའ་བ་ཞིག་འདུག་ཅེས་རྒྱ་གར་དབུས་གཞུང་ལ་སྙན་ཞུ་ཕུལ་ཡོད་པ་དང་། རྒྱ་གར་གཞུང་གིས་ཡར་ཀླུངས་གཙང་པོའི་བཞུར་རྒྱུན་ལ་འགྱུར་བ་གཏོང་མི་ཆོག་ཅེས་རྒྱ་ནག་ལ་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG