ངོ་འཕྲད་བདེ་བའི་དྲ་འབྲེལ།


རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་པའི་འགྲོ་སྐྱོད་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ལ་མཚོན་ན་ཕྱི་ལོ་༢༠༠༨་ཀྱི་གཞུག་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་དམིགས་བསལ་གྱི་མི་སྣ་ཁག་མ་གཏོགས་བོད་པ་བྱིངས་རྣམས་ཕྱི་རྒྱལ་ལ་བསྐྱོད་ཆོག་པའི་ཕྱིར་སྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་ཅིང་། བོད་ཕྱི་ལོགས་སུ་ཡོད་པའི་བོད་པ་རྣམས་ཀྱང་རང་གི་ཕ་ཡུལ་སོགས་ལ་གཉེན་འཕྲད་དུ་ཡོང་མི་ཆོག་པའི་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་ཕྱི་རྒྱལ་དུ་ཡོད་པའི་ལྷ་སའི་བོད་པ་ཞིག་ཡིན་ན་སོ་སོའི་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་པར་ཕ་ཡུལ་གྱི་ཁྱིམ་མི་ཚོས་གཞུང་འབྲེལ་གྱི་ཁས་ལེན་ཡིག་ཆ་ཞིག་བྲིས་ནས་དེ་ལ་མིང་རྟགས་འགོད་དགོས་པ་དང་། ཁས་ལེན་ཡིག་ཆ་དེའི་མ་ཕྱི་བོད་རྒྱ་ཡིག་རིགས་གཉིས་སུ་བྲིས་ཡོད་པའི་བརྙན་པར་ཞིག་དྲ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་པ་སྟེ། ཐོག་མར་ཁག་ཐེག་འགན་ལེན་པའི་མིང་དང་སྡོད་གནས། ཁ་པར་ཨང་གྲངས་སོགས་གསལ་བོར་འཁོད་དགོས་ཤིང་། གཉིས་པ་དེར་ཕྱི་རྒྱལ་ནས་གཉེན་འཕྲད་དུ་ཡོང་མཁན་དེའི་གཉེན་ཚན་ཚོས་གཉེན་འཕྲད་པ་དུས་ཡུན་ཅི་ཙམ་རིང་ལ་བོད་དུ་བསྡད་པའི་རིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལ་སྲུང་བརྩི་ལེགས་པོ་བྱ་རྒྱུ་དང་དཀྲོག་གཏམ་མི་སྒྲོགས་པ། རྒྱལ་ཁབ་ལ་ངོ་རྒོལ་གྱི་གཏམ་བརྗོད་གང་ཡང་མི་བྱེད་པ། ཆབ་སྲིད་དང་འབྲེལ་བའི་བྱེད་སྒོ་གང་རུང་ལ་མི་ཞུགས་པ། གཉེན་འཕྲད་དུ་ཡོང་ས་སྤུན་མཆེད་དེའི་ས་གནས་དེ་ཉིད་དུ་སྡོད་རྒྱུ། གཉེན་འཕྲད་པ་རང་འདོད་ལྟར་ས་གནས་གཞན་ལ་འགྲོ་བསྐྱོད་མི་བྱེད་པ་བཅས་ཀྱི་ཁས་ལེན་བྱ་དགོས་ཀྱིན་འདུག ཕྱི་རྒྱལ་ནས་ཡོང་མཁན་དེའི་གཉེན་ཚན་སོགས་ཀྱིས་ཀྱང་གོང་འཁོད་སྒྲིག་ཁྲིམས་ཁག་ལ་འགལ་འཛོལ་བྱུང་ན་ཁྲིམས་ལུགས་ཀྱི་འགན་འཁྲི་དང་མཇུག་འབྲས་རྣམས་དང་ལེན་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱ་དགོས་པ་མ་ཟད། ཁས་ལེན་ཡིག་ཆའི་མཉམ་དུ་ཁས་ལེན་བྱེད་མཁན་གྱི་ལག་འཁྱེར་གྱི་ངོ་བཤུས་གཅིག་ཀྱང་སྤྲོད་དགོས་པ་དང་། བོད་ལ་མཚོན་ན་ཕྱི་ལོ་༢༠༠༨་ཀྱི་གཞུག་ནས་དུས་ཡུན་རིང་པོར་ཕྱི་རྒྱལ་ལ་བསྐྱོད་པའི་ལག་འཁྱེར་སྤྲོད་ཀྱི་མེད་པ་ཁོ་ན་མིན། དཔེར་ན་སྨད་ཁམས་ཕྱོགས་ཀྱི་བོད་པ་ཚོ་དབུས་གཙང་ཕྱོགས་སུ་གནས་སྐོར་དང་མཆོད་མཇལ་ལ་འགྲོ་རྒྱུ་རྦད་དེ་བཀག་སྟེ། ཕྱིས་སུ་རྒྱ་གཞུང་གིས་རིམ་བཞིན་སྲིད་ཇུས་ལྷོད་དུ་བཏང་ནས་མཆོད་མཇལ་སོགས་ལ་འགྲོ་རུ་འཇུག་གི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ད་དུང་ཡང་མདོ་ཁམས་ཕྱོགས་ཀྱི་བོད་པ་ཚོ་དབུས་གཙང་ལ་ཡོང་ཆོག་མིན་གྱི་ཚོད་འཛིན་དམ་པོ་དང་ལྷ་སར་འགྲོ་མཁན་མདོ་ཁམས་པ་ཞིག་ཡིན་ཚེ། མི་དེས་རང་གི་ས་གནས་ཀྱི་སྡེ་བ་དང་ཡུལ་ཚོ། རྫོང་རིམ་པ་བཅས་ཀྱི་སྤྱི་བདེ་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ཀྱི་ཆོག་མཆན་རིགས་མ་འདྲ་བ་ལྔ་ནས་དྲུག་ཙམ་ཞུ་དགོས་ཀྱིན་འདུག་ལ། ཁོ་ཚོ་གནམ་གྲུ་དང་མེ་འཁོར་སོགས་གང་རུང་དུ་འགྲིམ་འགྲུལ་བྱས་ཀྱང་འཛིན་བྱང་ཉོ་དུས་སོ་སོའི་ཐོབ་ཐང་ལག་འཁྱེར་བསྟན་ནས་ཐོ་མ་བརྒྱབ་པར་འཛིན་བྱང་བཙོང་གི་མེད་པ་དང་། བོད་པ་ཚོ་ལྷ་སར་འགྲོ་རྒྱུ་དང་ཕྱི་རྒྱལ་གྱི་རང་དབང་ཡུལ་གྲུ་ཁག་གི་མི་དམངས་རྣམས་རྒྱལ་ཁབ་གཞན་ལ་འགྲོ་རྒྱུ་གཉིས་བསྡུར་ན་བོད་པ་ཚོ་ལྷ་སར་འགྲོ་རྒྱུར་དཀའ་ངལ་ཆེ་བ་ཡོད་ཅིང་། མདོ་ཁམས་ཀྱི་མི་ཞིག་ལྷ་སར་འགྲོ་ན་རང་གི་ས་གནས་སོ་སོར་སྔོན་འགྲོའི་ཆ་རྐྱེན་སྣ་མང་ཞིག་བསྒྲུབ་དགོས་པ་དང་། ད་དུང་ལྷ་སར་སླེབས་པའི་རྗེས་སུའང་གཞུང་འབྲེལ་མི་སྣ་ཞིག་ལ་ཁག་ཐེག་དང་འགན་ལེན་གྱི་ཡི་གེ་འབྲི་རུ་འཇུག་དགོས། དེང་སྐབས་ལྷ་སར་འབྱོར་མ་ཐག་པའི་མདོ་ཁམས་པ་ཚོའི་ཐོབ་ཐང་ལག་འཁྱེར་གནམ་ཐང་དང་མེ་འཁོར་འབབ་ཚུགས་སུ་བསྡུས་ལེན་བྱས་ནས་ལྷ་སར་སྡོད་ཆོག་པའི་གནས་སྐབས་ཀྱི་ལག་འཁྱེར་ཡི་གེ་ཞིག་སྤྲོད་ཀྱི་ཡོད་པ་དང་། མདོ་ཁམས་པ་ཚོས་གནས་སྐབས་ཀྱི་ཐོབ་ཐང་ལག་འཁྱེར་དེ་བསྟན་ནས་མགྲོན་ཁང་དུ་ཐོ་འགོད་དང་སྔ་དགོང་གཉིས་སུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཐོ་འགོད་བྱ་དགོས་པ་སོགས་ཀྱི་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་འདུག གལ་སྲིད་བོད་པ་ཞིག་སྟོད་མངའ་རིས་དང་ལྷོ་བྲག མེ་ཏོག་རྫོང་སོགས་ས་གནས་གཞན་ལ་གནས་སྐོར་རམ། ཡང་ན་མཆོད་མཇལ་བྱེད་དུ་འགྲོ་ན་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་བརྒྱུད་ནས་ལག་འཁྱེར་ལམ་ཡིག་གཞན་པ་ཞིག་ཞུ་དགོས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འདབས་འབྲེལ་འགག་སྒོ་ཁག་ཏུ་ཉིན་མཚན་བསྟུད་མར་ཉེན་རྟོག་པས་འགོག་སྲུང་བྱས་ནས་གཞུང་འབྲེལ་གྱི་ལམ་ཡིག་མེད་པར་རླངས་འཁོར་རྣམས་ལྟ་ཞོག ཐ་ན་བོད་པ་གནས་སྐོར་པ་མི་སྒེར་པའང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་འགྲོ་སྐྱོད་བྱེད་ཆོག་གི་མེད་པ་རེད།།

XS
SM
MD
LG