ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

བྱང་ཀོ་རི་ཡའི་འཕུར་མདེལ་དང་ཉི་ཧོང་།


ཉི་ཧོང་གི་ཨོ་ཁ་ཡེ་དྷོ་གླིང་ཕྲན་གྱི་མཁའ་དབྱིངས་བརྒྱུད་ནས་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཏེ། ཉི་ཧོང་གཞུང་གིས་ཨོ་ཁ་ཡེ་དྷོ་གླིང་ཕྲན་གྱི་མི་མང་ལ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ལ་དོགས་ཟོན་བྱ་དགོས་པ་དང་། མི་མང་རྣམས་ཉེན་གཡོལ་དུ་འགྲོ་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་བརྡ་བརྒྱབ་ཡོད་ཅིང་། ཨོ་ཁ་ཡེ་དྷོ་གླིང་ཕྲན་གྱི་མི་མང་གིས་ཉི་ཧོང་གི་དམག་གིས་ཅིའི་ཕྱིར་འགོག་སྲུང་འཕུར་མདེལ་བརྒྱབ་ནས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་བར་སྣང་ཁམས་སུ་མ་གཏོར་པ་ཡིན་ནམ་ཞེས་དོགས་འདྲི་བྱས་འདུག ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེས་ཉི་ཧོང་དམིགས་འབེན་དུ་བཟུང་མེད་པ་དང་། རྒྱང་ཁད་ལེ་དབར་༡༣༧༠་ཡས་མས་ཤིག་ལ་སྙོབ་པའི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་ཞི་བདེ་རྒྱ་མཚོའི་ནང་དུ་ལྷུང་སྟེ། ཉི་ཧོང་གི་ས་ཐོག་ཏུ་ལྷུང་མེད་པས་དེ་ལ་འགོག་སྲུང་འཕུར་མདེལ་བརྒྱབ་ནས་བར་སྣང་དུ་གཏོར་ཆོག་གི་མ་རེད་ཅེས་བཤད་པ་དང་། གལ་སྲིད་ཉི་ཧོང་གི་དམག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་བར་སྣང་ཁམས་སུ་གཏོར་ན་དེ་ལ་འཕྲལ་དུ་མཇུག་འབྲས་གཉིས་སྨིན་སྲིད། མཇུག་འབྲས་གཉིས་ཀ་ཉི་ཧོང་གཞུང་ལ་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། དཀའ་ངལ་དང་པོ་ནི་ཉི་ཧོང་གི་དམག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེར་འགོག་སྲུང་འཕུར་མདེལ་བརྒྱབ་ནས་བར་སྣང་ཁམས་སུ་གཏོར་ཚེ། བྱང་ཀོ་རི་ཡས་ཉི་ཧོང་ལ་མེ་ཤུགས་འཕུར་མདེལ་བརྒྱ་ཕྲག་གིས་རྒོལ་ལན་སློག་སྲིད་པ་འགོག་ཐབས་མེད་པ་དང་། དཀའ་ངལ་གཉིས་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཏན་ལ་ཕབ་པའི་ཉི་ཧོང་གི་རྩ་ཁྲིམས་སུ་ཉི་ཧོང་གིས་དམག་རྒྱག་མི་ཆོག་ཅེས་བཀོད་དེ། ཉི་ཧོང་གི་དམག་ལ་རང་སྲུང་འབའ་ཞིག་གི་ཐོབ་ཐང་ལས་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG