ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བརླ་ཤའི་སྟེང་དུ་ལྕགས་འཛེར་བརྡབས།


༄༅།། ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཧོ་ཝར་ཌི་ལིན་མངའ་ཁུལ་དེའི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་དང་། ཁོ་པ་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་དམ་པ་དེ་ཉིད་ཀྱི་མཛད་རྗེས་ཁག་ལ་རྗེས་སུ་ཡི་རང་ཞུ་མཁན་ཞིག་ཀྱང་ཡིན། ལིའུ་ཞོ་པོ་དམ་པ་དེ་ཉིད་ཡུ་རོབ་རྒྱལ་ཁབ་ཀྱི་བྷར་སི་ལོ་ནའི་རྐང་རྩེད་ལྒང་རུ་ཁག་གི་རྩེད་འགྲན་པ་གཙོ་བོ་སྟེ། འཛམ་གླིང་ན་སྐད་གྲགས་ཡོད་པའི་སྐྱེས་ཡུལ་ཨ་ཆིན་ཊི་ནའི་རྐང་རྩེད་ལྒང་ལི་རྩེད་མཁན་ལིའོ་མེ་སི་ལ་ཧ་ཅང་དགའ་མོས་ཡོད་ཅིང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་དེས་ལིའོ་མེ་སེ་ལ་རང་གི་འདྲ་པར་ཞིག་གི་ཐོག་ཏུ་ས་ཡིག་བརྒྱབ་ནས་ལིའུ་ཞོ་པོ་ལ་བསྐུར་རོགས་གནང་ཞེས་རེ་བ་ཞུས་མོད། འོན་ཀྱང་ལིའུ་ཞོ་པོ་སྨན་ཁང་དུ་འཚོ་གནས་ཡིན དུས་ལིའོ་མེ་སིའི་ས་ཡིག་འཁོད་པའི་འདྲ་པར་མ་འཕྲོད། དེར་བརྟེན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཧོ་ཝར་ཌི་ལིན་གྱིས་ལིའོ་མེ་སིའི་མིང་རྟགས་འཁོད་པའི་འདྲ་པར་དེ་ལིའུ་ཞོ་པོ་དམ་པ་དེ་ཉིད་ཀྱི་བཟའ་ཟླ་ལིའུ་ཤཱ་ལ་འཕྲོད་པའི་ཐབས་སུ་བརྩོན། བདུན་ཕྲག་འདིར་པེ་ཅིང་སྐད་བཤད་མཁན་གྱི་མི་ཞིག་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་དེར་ཁ་པར་བཏང་སྟེ། ཁོ་པར་ལིའོ་མེ་སིའི་མིང་རྟགས་འཁོད་པའི་འདྲ་པར་དེ་ལིའུ་ཤཱ་ལ་སྤྲོད་མི་ཆོག་ཅེས་ཉེན་བརྡ་བཏང་བ་མ་ཟད། ཁ་སང་གཟའ་ཕུར་བུའི་ཉིན་ཧོ་ཝར་ཌི་ལིན་ཨ་མི་རི་ཀར་ཡོང་རྒྱུའི་གྲ་སྒྲིག་ཆེད་དུ་ཉོ་ཆ་རྒྱག་གི་ཡོད་རུང་། སྐབས་དེར་ཁྲོམ་གཞུང་དུ་རྒྱ་ནག་གི་པེ་ཅིང་སྐད་བཤད་མཁན་མི་གཉིས་ཡོང་ནས་ཧོ་ཝར་ཌི་ལིན་ལ་ང་ཚོས་ཁ་བརྡ་ཞིག་བྱ་དགོས་ཀྱི་འདུག་ཅེས་རླངས་འཁོར་ནང་དུ་བཙན་གྱིས་ཁྲིད། ཁོ་ཚོས་རླངས་འཁོར་ནང་དུ་ཧོ་ཝར་ཌི་ལིན་གྱི་ཁ་པར་འཕྲོག་པ་དང་རྡུང་རྡེག་བཏང་སྟེ། ཧོ་ཝར་ཌི་ལིན་ལ་བཟི་སྨན་འཐུང་དུ་བཅུག་ནས་དྲན་པ་ཉམས། ཁོ་པ་དྲན་པ་སོས་ཁང་པ་ཞིག་གི་ནང་དུ་དུས་རྐང་ཐུང་ཕུད་ནས་ཆུ་རས་གཅིག་པུར་ལས་གཡོགས་མེད་པ་དང་། མི་དེ་ཚོས་ཧོ་ཝར་ཌི་ལིན་ལ་ཁྱོད་ཀྱིས་ཟིང་ཆ་མ་སློང་། ལིའུ་ཤཱ་ལ་འབྲེལ་བ་བྱེད་དོན་ཅི་ཞིག་ཡིན་ནམ། ལིའུ་ཤཱ་ལ་འབྲེལ་བ་མ་བྱས་ན་ལེགས་ཞེས་སྡིགས་ར་བསྐུལ། མི་དེ་ཚོས་ཧོ་ཝར་ཌི་ལིན་ལ་ཁྱོད་ཡེ་ཤུ་ཆོས་དད་པ་ཞིག་ཡིན་ནམ་ཞེས་སྐད་ཆ་དྲིས། མི་གཅིག་གིས་ང་ཚོས་ཁྱོད་ལ་སྟོན་པ་ཡེ་ཤུའི་རྒྱངས་ཤིང་སྟེར་དགོས་ཞེས་ཧོ་ཝར་ཌི་ལིན་གྱི་བརླ་ཤའི་ཐོག་ཏུ་ལྕགས་འཛེར་བརྡབས་ནས་རྒྱངས་ཤིང་གི་བཟོ་ལྟ་ཞིག་ཐོན་དུ་བཅུག་ཅིང་། དེ་ནས་ཁོ་ཚོས་སླར་ཡང་ཧོ་ཝར་ཌི་ལིན་ལ་བཟི་སྨན་བླུད་ནས་དྲན་པ་ཉམས། གཟའ་པ་སངས་ཀྱི་ཞོགས་པར་ཧོ་ཝར་ཌི་ལིན་དྲན་པ་སོས་དུས་ཁོ་པ་ཧོང་ཀོང་གི་ས་ཆ་ཁུག་དཀྱོག་ཅིག་གི་མཚོ་འགྲམ་དུ་གཡུགས་འདུག་ཅེས་གསར་འགོད་པར་འགྲེལ་བཤད་བརྒྱབ་བོ།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG