རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲན་ནད་ཕོག་ནས་གྲོངས་གྲབས་ཡོད་པ་དང་། སྨན་ཁང་གི་ལས་སྣེ་ཚོས་ལིའུ་ཞའོ་པོའི་མཆིན་པའི་སྐྲན་ནད་ལ་བཅོས་ཐབས་མི་འདུག ཁོང་ལ་ཉི་མ་རེ་ཟུང་དང་ཆུ་ཚོད་འགའ་ཞིག་གི་ཚེ་ཚད་ལས་མེད་ཅིང་། ལིའུ་ཞའོ་པའོ་ཕྱི་མའི་ལྔ་ལམ་ཕྱོགས་ལ་ཉེ་ཞེས་བཀོད་པའི་སྨན་ཁང་གི་ཡིག་ཆ་ཁག་ལ་ལིའུ་ཞའོ་པོའི་བཟའ་མི་ཚོས་ཀྱང་མོས་མཐུན་བྱས་ནས་མིང་རྟགས་བཀོད་མོད། འོན་ཀྱང་སྨན་པ་ཚོས་ལིའུ་ཞའོ་པོས་དབུགས་གཏོང་ལེན་བྱེད་ཐུབ་ཀྱི་མེད་པ་བདེ་རུ་གཏོང་བར་མིད་པའི་ནང་དུ་འགྱིག་གི་སྦུ་གུ་དྲངས་ནས་དབུགས་གཏོང་ལེན་བྱེད་དུ་འཇུག་ཡིན་ནམ་ཞེས་དྲིས་པར་བཟའ་མི་ཚོས་མོས་མཐུན་བྱས་མེད་པ་དང་། གཟའ་ལྷག་པའི་སྔ་དྲོར་སྨན་པ་ཚོས་ལིའུ་ཞའོ་པོའི་མཁལ་མ་དང་མཆིན་པ། གློ་དང་སྙིང་སོགས་དབང་པོ་རྣམས་ཀྱིས་བྱེད་ལས་ཚུལ་བཞིན་པའི་ནུས་པ་ཉམས་ཏེ། ལིའུ་ཞའོ་པོའི་ནད་གཞི་སྡུག་ཏུ་སོང་ནས་གསོ་ཐབས་མེད་པའི་མཚམས་སུ་ལྷུང་གྲབས་བྱས་སོང་ཞེས་བཤད་རུང་། ལིའུ་ཞའོ་པོའི་བཟའ་མི་ཚོས་གཟའ་ལྷག་པའི་སྔ་དྲོར་ནད་པ་ཅུང་ཙམ་བདེ་རུ་ཕྱིན་སོང་། ད་ལྟའི་ཆར་ལིའུ་ཞའོ་པོས་མི་ངོ་ཡང་ཟིན་གྱི་འདུག་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་ཡོད་པ་དང་། རྒྱ་ནག་གཞུང་གིས་སྨན་ཁང་མཐའ་འཁོར་དུ་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ཆེ་རུ་བཏང་ཡོད་པ་རེད།།