ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ལིའུ་ཞའོ་པོ་ཛ་དྲག་གི་གནས་སུ་ལྷུང་བ།


རྒྱ་ནག་གཞུང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་ལ་ལོ་༡༡་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་པ་དང་། ཉེ་ཆར་ལིའུ་ཞའོ་པོ་ལ་སྐྲན་ནད་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་བཙོན་ཁང་ནས་གློད་གྲོལ་བཏང་སྟེ། རྒྱལ་སྤྱིའི་ཐོག་ཏུ་ལིའུ་ཞའོ་པོ་ཨ་མི་རི་ཀར་སྨན་བཅོས་བྱེད་དུ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ལན་མང་ཞུས་ཤིང་། ད་ལྟ་ལིའུ་ཞའོ་པོ་ལ་སྨན་བཅོས་བྱེད་མཁན་རྒྱ་ནག་གི་སྨན་པ་ཚོས་ནད་པ་ཛ་དྲག་གི་གནས་སུ་ལྷུང་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་མོད། འོན་ཀྱང་ཨ་མི་རི་ཀའི་སྨན་པ་གཉིས་དང་འཇར་མན་པའི་སྨན་པ་ཞིག་གིས་ལིའུ་ཞའོ་པོ་ལ་བརྟག་དཔྱད་བྱས་ནས་གསར་འགོད་པ་ཚོར་བཤད་པ་ལྟར་ན་གལ་སྲིད་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་བཏང་ན་འགྲོ་ཐུབ་ས་རེད་ཅེས་རྒྱ་གཞུང་གི་སྨན་པ་ཚོས་བཤད་པའི་སྐད་ཆ་དང་མ་འདྲ་བ་ཞིག་བཤད་འདུག རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་འགྲོ་ཐུབ་ས་མ་རེད་ཅེས་ཨུ་ཚུགས་བརྒྱབ་སྟེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བདག་དབང་ལ་བརྩི་འཇོག་བྱེད་པའི་རེ་བ་ཡོད། ཁོ་ཚོས་གང་ཟག་བྱེད་བྲག་པ་ཞིག་གི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་མ་བྱས་ན་དགེ་མཚན་ཆེ་ཞེས་རེ་ཡེ་ཀྲར་གསར་འགྱུར་ལས་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག ད་དུང་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོའི་ནད་གཞི་ལ་འབྲེལ་བ་ཡོད་པའི་གསར་འགྱུར་དང་རྒྱ་ནག་མི་དམངས་ཀྱིས་ལིའུ་ཞའོ་པོ་ལ་སྙུང་འདྲི་བྱེད་པའི་རྩོམ་ཡིག ཁོང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པའི་རྩོམ་ཡིག་དང་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པར་མི་དམངས་ཁོང་ཁྲོ་ལངས་ཡོད་པའི་རྩོམ་ཡིག་རྣམས་དྲྭ་ལམ་དུ་བསུབས་ཏེ། སྨན་ཁང་གི་གཡས་གཡོན་ཐམས་ཅད་ལ་ཉེན་རྟོག་པ་བཀྲམ་ནས་གསར་འགོད་པ་དང་རྒྱ་ནག་མི་དམངས་རྣམས་ཡོང་དུ་འཇུག་གི་མེད་པ་དང་། བཟའ་མི་ཚོར་ལིའུ་ཞའོ་འཆི་གྲབས་འདུག་པས་གྲ་སྒྲིག་བྱོས་ཞེས་བརྡ་བརྒྱབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG