ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བོད་དུ་རང་བྱུང་གོད་ཆག་ཇེ་མང་ལ་འགྲོ་བཞིན་པ་རྒྱུན་ལྡན་གསར་མ་ཡིན་ནམ།


ཕྱི་ལོ་༢༠༡༦ཟླ་༨ཚེས་༨ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། བོད་གངས་ཅན་ལྗོངས་སུ་ཕྱི་ཟླ་བདུན་པའི་ནང་རང་བྱུང་གོད་ཆག་ཆེན་པོ་གསུམ་བྱུང་བ་དང་། དེའི་འབྱུང་རྐྱེན་དང་མཚོན་དོན་བཅས་ཀྱི་ཐད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

ལོ་འདིའི་ཕྱི་ཟླ་བདུན་པའི་ཚེས་༡༧་ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་རུ་ཐོག་ས་ཁུལ་དུ་གངས་ཉིལ་བྱུང་སྟེ་ཉུང་མཐར་ཡང་མི་དགུ་དང་ཕྱུགས་ཟོག་བརྒྱ་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་། མདོ་སྨད་མཚོ་ལྷོ་ཞུ་བའི་མང་ར་སོགས་སུ་ཕྱི་ཟླ་བདུན་པའི་ཚེས་༩་ཉིན་ཆུ་ལོག་རྒྱུགས་ནས་ཉུང་མཐར་ཡང་མི་གཉིས་དང་ཕྱུགས་ཟོག་མང་པོ་ཤི་བ། དེ་བཞིན་དུ་ཕྱི་ཟླ་བདུན་པའི་ཡས་མས་སུ་ཆུ་དམར་ལེབ་སོགས་གཙང་གསུམ་གྱི་འབྱུང་ཁུངས་སུ་འབོད་པའི་ས་ཁུལ་ཁག་ཏུ་ཐན་པ་ཆེན་པོ་བྱུང་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གཟའ་ཟླ་བའི་ཉིན་ཉམས་ཞིབ་ཁང་གི་དྲ་གནས་སུ་ཁ་བྱང་ལ་བོད་ནང་རང་བྱུང་གནོད་འཚེ་མང་དུ་འབྱུང་བཞིན་པ་ནི་རྒྱུན་ལྡན་གསར་མ་ཡིན་ནམ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། རྩོམ་ཡིག་དེའི་ནང་གོང་གི་རང་བྱུང་གོད་ཆག་གསུམ་བགྲངས་ཏེ་རྒྱུ་རྐྱེན་ལ་ཉམས་ཞིབ་བྱས་ཡོད།

བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གི་ཉམས་ཞིབ་པ་ཞིག་གི་སྡོམ་ཚིག་ལུང་འདྲེན་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་མིས་འཛུགས་སྐྲུན་གྱི་ལས་གཞི་ཁག་གིས་བོད་མཐོ་སྒང་གི་ཆག་འཇིགས་ཆེ་བའི་ཁོར་ཡུག་ལ་གནོད་སྐྱོན་བཟོ་བཞིན་ཡོད་ཅེས་བཀོད་ཡོད། དེ་བཞིན་དུ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཚད་འདི་འདྲ་ཞིག་ལ་སླེབས་ནའང་། ས་གནས་མང་ཚོགས་ལ་དེར་མཐུན་གྱི་སློབ་གསོ་དང་ངེས་ཤེས་རྙེད་ཀྱིན་མེད་པ་དང་། རྒྱ་ནག་གཞུང་གིས་གྲོང་ཁྱེར་དག་གི་མཁའ་དབུགས་ཡར་རྒྱས་གཏོང་རྒྱུ་གཙོ་བོར་བཟུང་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་འཛིན་གྱིན་མེད་ཟེར།།

བོད་ཀྱི་ས་ཁུལ་ཁག་ཏུ་རང་བྱུང་གཏེར་ཁ་མང་དུ་བསྔོག་འདོན་བྱེད་བཞིན་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། གོ་ལའི་དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་གངས་ཉིལ་སོགས་ལ་བརྟེན་ནས་གཙང་པོ་རྒྱས་ཏེ་རྒྱ་ནག་གཞུང་གིས་མང་དུ་བརྒྱབ་ཡོད་པའི་ཆུ་རགས་དག་ཀྱང་ཉེན་ཁའི་རྒྱུ་ཆེན་པོ་རུ་འགྱུར་ཉེན་ཆེ་ཞེས་འགྲེལ་བཤད་བྱས་ཡོད།།

XS
SM
MD
LG