ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནང་སོག་གི་འབྲོག་པའི་ངོ་རྒོལ།


ནང་སོག་དང་ཀན་སུའུ་ཞིང་ཆེན་བར་གྱི་ས་མཚམས་ཁུལ་དུ་དྲག་སྤྱོད་སྤེལ་བའི་དོན་རྐྱེན་བྱུང་ཡང་ས་གནས་སྲིད་གཞུང་གིས་ནང་སོག་གི་འབྲོག་པ་མང་ཚོགས་ཀྱི་འདོད་བློ་ཁེངས་པའི་ཐག་གཅོད་མ་བྱས་པར་བརྟེན། ནང་སོག་གི་འབྲོག་པ་མང་ཚོགས་ཀྱིས་རྟ་དང་རྔ་མོ་བཞོན་ནས་ས་གནས་སྲིད་གཞུང་གི་སྒོ་ཁར་ངོ་རྒོལ་བྱས་ཡོད་ཅིང་།

སྤྱི་ཟླ་༡༢་ཚེས་༦་གི་ཞོགས་པ་སྔ་བོའི་ཆུ་ཚོད་གསུམ་པ་ཡས་མས་སུ་གདོང་ལ་སེང་རས་ཀྱིས་བཏུམས་པའི་མི་བརྒྱ་ལྷག ནང་སོག་གི་ཨེ་ཇི་ནཱ་ས་ཁུལ་གྱི་ས་ཁོངས་སྲུང་སྐྱོབ་དང་རྟོག་ཞིབ་ལྟེ་གནས་སུ་ཡོང་ནས་ལྟེ་གནས་ཁང་དེའི་ཁང་པ་གཏོར་བ་དང་། གློག་དང་བརྙན་ལེན་ཡོ་ཆས་བཅགས་པ། དེར་ཡོད་མི་རྣམས་ལ་གཅར་རྡུང་བྱས་པ་སོགས་དྲག་སྤྱོད་ཆུ་ཚོད་གཉིས་རིང་ལ་སྤེལ་བས། མི་བཅུ་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་རྨས་སྐྱོན་ཤོར་བ་དེ་ཚོའི་ཁྲོད་ཀྱི་མི་གཉིས་ནི་ས་མཚམས་ཀྱི་ས་སྲུང་གི་ལས་བྱེད་མི་སྣ་ཡིན་རུང་། མི་བཅུ་གཅིག་ནི་ནང་སོག་གི་འབྲོག་པ་ཡིན་འདུག

དོན་རྐྱེན་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཅཱེན་ཐ་རྫོང་ཁུལ་གྱི་རྒྱ་རིགས་མི་འབོར་མང་དྲགས་པ་དང་ས་རྒྱ་ཆུང་དྲགས་ཏེ་ཐེངས་མང་པོར་ནང་སོག་གི་ས་ཁོངས་འདི་ལ་བཙན་འཛུལ་གྱིས་གནས་བཅའ་འདོད་བྱེད་བཞིན་པ་དེ་ཡིན་ཞིང་། ནང་སོག་གི་འབྲོག་པ་ཚོས་ས་ཁུལ་འདི་ལ་ས་ཁོངས་སྲུང་སྐྱོབ་ཀྱི་ལྟེ་གནས་ཁང་ཞིག་བཙུགས་པ་དེར་རྒྱ་རིགས་ཚོས་རྒོལ་རྡུང་བཏང་འདུག སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ས་གནས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་མི་སྣ་བཅུ་འཛིན་བཟུང་བྱས་ལུགས་བརྗོད་ཀྱང་ཉིན་བཅུ་ལས་མང་བ་ཕྱིན་ཀྱང་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱ་མིན་མང་ཚོགས་ལ་འགྲེལ་བརྗོད་སོགས་གང་ཡང་མ་བྱས་པར་བརྟེན། ས་གནས་འབྲོག་པ་མང་ཚོགས་རྣམས་ཚེས་༡༧་ཉིན་ཨེ་ཇི་ནཱ་སྲིད་གཞུང་གི་སྒོ་ཁར་འཛོམས་ཏེ། ཁོ་ཚོས་སྲིད་གཞུང་གི་རྒྱ་རིགས་དྲག་སྤྱོད་པ་ཚོར་དྲང་བདེན་གྱི་ཁྲིམས་ཐག་མི་གཅོད་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བརྗོད་བྱ་དགོས་པའི་དགོས་མདུན་བཏོན་ཏེ་ས་གནས་སྲིད་གཞུང་གིས་གནས་ཚུལ་འདིའི་ཐད་འཛིན་པའི་རྣམ་འགྱུར་ལ་ངོ་རྒོལ་བྱས་ཡོད།

དབྱེ་ཞིབ་པ་ཚོས་བརྗོད་ན་འདི་ནི་ས་རྩོད་ཀྱི་འགལ་ཟླ་ཙམ་མ་ཡིན་པར་ནང་སོག་མི་མང་དང་རྒྱ་རིགས་ལ་རྒྱུན་རིང་གི་མི་རིགས་ཀྱི་འགལ་ཟླ་ཡོད་པ་ཁ་ཇེ་གསལ་དུ་བཏང་བ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG