ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་འགོ་ཁྲིད་འདས་པོ་ཧུ་ཡོ་བྷང་སྐྱེས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་བྱས་ཡོད་པ།


་ཟླ་བ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་ནག་གཞུང་གིས་ཡུལ་དེའི་འགོ་ཁྲིད་འདས་པོ་ཧུ་ཡོ་བྷང་སྐྱེས་ཏེ་ ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་བྱས་ཡོད་པ་དང་། ཧུ་ཡོ་བྷང་གི་ལོ་བརྒྱའི་རྗེས་དྲན་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་ཤི་ཇི་ ཕིང་དང་དམར་ཤོག་ཚོགས་པའི་ཆེས་མཐོའི་རྒྱུན་ལས་འཐུས་མི་བདུན་ཡོངས་རྫོགས་མཉམ་ཞུགས་བྱས་ཡོད་ཅིང་། ཡུ་ཧོ་བྷང་ནི་ལྟ་བ་གུ་ཡངས་ཅན་དང་བཅོས་འགྱུར་ལ་ཕྱོགས་པའི་རྒྱ་ནག་གི་འགོ་ཁྲིད་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་མི་དང་དེ་མིན་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་གྱི་བདེ་སྡུག་ལ་བསམ་གཞིགས་གནང་མཁན་ཞིག་ལ་ཡང་ངོས་འཛིན་བྱེད་བཞིན་ཡོད། སྐུ་ཞབས་ཧུ་ནི་ ད་ཕན་རྒྱ་ནག་གི་འགོ་ཁྲིད་ལྟ་བ་གུ་ཡངས་ཤོས་འཛིན་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང། བོད་གནས་ཉམས་ཞིབ་པ་སྐུ་ཞབས་Claude Arpi ཡིས་གསུངས་དོན་ལ། སྐུ་ཞབས་ཧུ་ཡོ་བང་དུས་ཡུན་ཐུང་ཐུང་ཞིག་གི་རིང་ རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་དེ་བྱས་པའི་རིང་ རྒྱ་ནག་སྤྱི་དང་བོད་ནང་ལ་གོ་སྐབས་དང་རེ་བ་གསར་ཞིག་སྐྲུན་ཐུབ་ཡོད། བོད་ནང་གི་བོད་མི་ཚོ་དཔལ་འབྱོར་དང་ཆབ་སྲིད་ཐད་རང་རྐྱ་འཕེར་བ་ཞིག་ཡོང་ཐབས་སླད་ ཁོང་གིས་བོད་མི་ཚོར་དམིགས་པའི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱས་ཡོད་པ་དང། སྐུ་ཞབས་ཧུ་ཡོ་བང་གིས་བོད་ནང་སོ་ནམ་ཞིང་ལས་དང་། སྒོ་ཕྱུགས་གསོ་སྐྱོང་དང་འབྲེལ་བའི་འབྲོག་ལས། བོད་ཀྱི་རིག་གཞུང་དང་ཤེས་ཡོན། ཚན་རིག་སོགས་ཡར་རྒྱས་ཡོང་ཐབས་ལ་དམིགས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོ་གསར་འཛུགས་གནང་རྒྱུ་དང་། དེ་བཞིན། བོད་མི་གང་ཙམ་མང་པོ་ཞིག་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གཞུང་གི་ལས་གནས་ལ་འཛུལ་ཞུགས་ཡོང་ཐབས་སོགས་ཀྱི་ཐད་ཕྱག་ལས་གནང་ཡོད་པ་རེད་ཅེས་ སྐུ་ཞབས་ཨར་བྷི་ཡི་དྲ་རྒྱའི་ནང་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་ལྟར། དེང་སྐབས་ཡིན་ནའང་ བོད་མི་ཚོས་ཁོང་ལ་སྐུ་ཞབས་ཧུ་ཞེས་གུས་བརྩི་ཆེན་པོས་འབོད་ཀྱི་ཡོད་པ་རེད་ཅེས་ཁོང་གིས་གསུངས་འདུག

ཡང་། ཕ་ཡུལ་དྲ་རྒྱའི་གསར་འགོད་པས་སྐུ་ཞབས་ཨར་བྷི་ལགས་ལ། དེང་ཀྱི་རྒྱ་ནག་གི་སྤྱི་ཚོགས་ནང་ ཧུ་ཡོ་བང་གི་གུ་ཡངས་ལྟ་གྲུབ་དང་འགྱུར་བཅོས་ལ་ཕྱོགས་པའི་བསམ་བློ་དེ་ལག་བསྟར་ཐུབ་ཀྱི་ཡོད་མིད་བཀའ་འདྲི་ཞུས་པའི་སྐབས། སྐུ་ཞབས་Arpi ཡིས་གསུངས་དོན་ལ། དེང་གི་རྒྱ་ནག་གི་སྤྱི་ཚོགས་ནང་ཧུ་ཡོ་བང་གི་བསམ་བློའི་ཟུར་གཅིག་མ་གཏོགས་ལག་བསྟར་ཐུབ་གྱི་མེད། དེ་ནི་དཔལ་འབྱོར་སྒོ་འབྱེད་ཀྱི་སྲིད་བྱུས་དེ་རེད། འོན་ཏེ། ཆབ་སྲིད་བཅོས་འགྱུར་གྱི་བསམ་བློ་དེ་སྒོ་ཆ་ཚང་བརྒྱབས་ཡོད་པ་ཟིན་པ་རེད་ཅེས་ནན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG