རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་པ་ཅང་ ཡེ་ཕྷེ་དང་ དྷོང་ གུའང་པིང་ལ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱབས་བཅོལ་བའི་གནས་བབས་སྤྲད་དེ་ རྒྱལ་ཁབ་གཞན་ཞིག་ལ་གནས་སྤོ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་པའི་སྐབས་འདིར་ ཐེ་ལེནྜ་གཞུང་གིས་ ཁོང་གཉིས་གློ་བུར་དུ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པར་ རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་པས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གིས་ གོང་ཞུས་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ་གཉིས་ཀྱི་མིང་དངོས་སུ་མ་བཏོན་པར་ སྐྱབས་བཅོལ་བར་ངོས་འཛིན་བྱས་ཟིན་པ་གཉིས་ཐེ་ལེནྜ་ནས་བཙན་བཤེད་ཀྱིས་ཕྱིར་སློག་བཏང་བའི་ཐད་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས་ ཁོང་གཉིས་ཐེ་ལེནྜ་དང་ རྒྱ་ནག་མ་ཡིན་པའི་རྒྱལ་ཁབ་གཞན་ལ་གནས་སྤོ་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ ཉིན་ཤས་ཀྱི་ནང་ཐོན་རྒྱུ་ཡིན་པའི་སྐབས་དེར་ གློ་བུར་དུ་ཐེ་ལེནྜ་གཞུང་གིས་ འདས་པའི་གཟའ་འཁོར་རྫོགས་མཚམས་སུ་ཁོང་གཉིས་བཙན་བཤེད་ཀྱིས་ཕྱིར་སློག་བཏང་འདུག་པས་ ཐེ་ལེནྜ་གཞུང་གི་བྱེད་སྟངས་འདི་ནི་ བློ་འཚབ་ཆེན་པོ་སྐྱེ་གཞིའི་གནས་ཚུལ་ཅིག་ཡིན་པ་དང་ འདིའི་ཐོག་ནས་ ཐེ་ལེནྜ་གྱི་ཁྲིམས་ཀྱི་ནང་ རྒྱལ་སྤྱིས་སྲུང་སྐྱོབ་དགོས་པའི་མི་སྣའི་རིགས་ཀྱི་བདེ་འཇགས་འགན་སྲུང་མི་ཐུབ་པའི་སྐྱོན་ཆ་ཆེན་པོ་ཡོད་པ་གསལ་པོ་མཚོན་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།