དབྱིན་ཇིའི་ལས་རྩོལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཇྷེ་རཱ་མི་ ཀོར་བྷེན་གྱིས་ རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་བྱས་ཏེ་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ ཚོང་གི་གནད་དོན་བཅས་ཀྱི་ཐད་གླེང་སློང་གནང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ ད་རེས་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་ དབྱིན་ཡུལ་ནང་རྒྱལ་དོན་འཚམས་འདྲིར་འབྱོར་བའི་སྐབས་ དབྱིན་གཞུང་དང་རྒྱལ་ཁང་བཅས་གཉིས་ཀས་སྣེ་ལེན་ཧ་ཅང་རྒྱས་པོ་བྱས་ཏེ་ རྒྱ་ནག་གཞུང་དང་འབྲེལ་བའི་དཀའ་རྙོག་གི་གནད་དོན་ཁག་གི་ཐད་གླེང་སློང་བྱ་རྒྱུའི་རྣམ་པ་ཧ་ལམ་མཐོང་རྒྱུ་མེད་པར་བརྟེན་ རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་རྒྱལ་ཁང་ནང་ ཞཱི་ཅིང་ཕིང་ལ་དགོང་དྲོའི་གསོལ་སྟོན་གྲ་རྒྱས་ཤིག་བཤམས་ཡོད་པ་དེ་སྐབས་ ལས་རྩོལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཀོར་བྷེན་གྱིས་ རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཆེས་ཐ་ཞན་ཡིན་པའི་གནད་དོན་དང་ རྒྱ་ནག་གིས་ སྤུས་ཚད་ཞན་པའི་ངར་ལྕགས་ཕོན་ཆེ་དབྱིན་ཡུལ་ལ་ཕྱིར་ཚོང་བྱེད་པར་བརྟེན་ནས་ དབྱིན་ཇིའི་ཡུལ་མི་མང་པོའི་ལས་ཀ་ཤོར་གྱི་ཡོད་པ་བཅས་ཀྱི་སྐོར་གླེང་སློང་བྱེད་ཀྱི་ཡིན་ཞེས་རྡིག་བསྐུལ་བྱས་ཡོད་པ་རེད་ དེར་བརྟེན་ཁོང་ལ་དེའི་དགོང་དྲོ་རང་ཞཱི་ཅིང་ཕིང་དང་ཟུར་དུ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་སྤྲད་ཡོད་པ་དང་ སྐབས་དེར་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་དང་ ངར་ལྕགས་ཕྱིར་ཚོང་གི་གནད་དོན་གྱི་ཐད་ཞཱི་ཅིང་དང་གྲོས་མོལ་བྱས་ཡོད་ལུགས་ ལས་རྩོལ་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་གསལ་བསྒྲགས་གནང་བ་དང་འབྲེལ་ གྲོས་མོལ་དེ་དག་ཁ་རེ་ཁ་ཐུག་དང་ དོན་ཕན་ལྡན་པ་ཞིག་བྱུང་སོང་ཞེས་གསུངས་ཡོད་པ་རེད།