ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལོ་བོད་ཕྱི་ནང་གཉིས་སུ་མང་ཚོགས་ལ་སེ་རའི་ཕུར་མཇལ་བཏང་མེད་པ།


༄༅།། ལོ་ལྟར་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་སྔོན་ཏེ། བོད་ཟླ་༡༢་པའི་ཚེས་༢༧་ཉིན་བོད་དབུས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་གི་གྲས་སུ་སེ་རའི་ཕུར་མཇལ་ཞེས་ཡི་དམ་རྟ་མགྲིན་གྱི་ཕུར་པའི་མཇལ་ཁ་གཏོང་སྲོལ་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་དགོན་པར་དད་ལྡན་སེར་སྐྱ་མང་ཚོགས་ལ་ཕུར་པའི་མཇལ་ཁ་བཏང་སྟེ་ལོ་གསར་པའི་ནང་དུ་ནད་གདོན་དང་རྐྱེན་ངན་བར་ཆད་རྣམས་སེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་སྤེལ་སྲོལ་ཡོད་མོད། འོན་ཀྱང་༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་སྟེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་མུས་ཡིན་པའི་སྟབས་ཀྱིས་ལོ་འདིར་བོད་ཕྱི་ནང་གཉིས་སུ་དགོན་སྡེ་ཁག་ཏུ་མི་མང་རྣམས་མཇལ་ཁ་སོགས་ལ་གཏོང་གི་མེད་པ་རེད། ལྷག་པར་དུ་འཕགས་ཡུལ་ལྷོ་ཕྱོགས་སུ་ཆགས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ། སེར་བྱེས་གྲྭ་ཚང་དུ་ད་ནངས་སྔ་དྲོའི་ཆུ་ཚོད་༩་པ་ཙམ་ནས་སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་གྲྭ་ཚང་གི་གཙུག་ལག་ཁང་གི་ཁྲི་ལ་འཁོད། ཡི་དམ་རྟ་མགྲིན་གྱི་བསྐང་གསོ་བཏང་བ་དང་བླ་སྤྲུལ་དགེ་བཤེས་རྣམ་པས་ཡི་དམ་རྟ་མགྲིན་གྱི་གཟུངས་སྔགས་བཟློ་བཞིན་སེར་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཚོར་ཕུར་མཇལ་བཏང་སོང་།།

དུས་རྒྱུན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཁག་གི་མང་ཚོགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་མི་མང་སྟོང་ཕྲག་མང་པོ་སེ་རའི་ཕུར་མཇལ་ལ་ཕེབས་ཀྱི་ཡོད་ཀྱང་འདི་ལོ་ཏོག་དབྱིབས་ནད་ཡམས་ལ་རྟེན་ནས་མང་ཚོགས་ལ་ཕུར་མཇལ་བཏང་མ་སོང་། དེ་བཞིན་བོད་ནང་གི་སེ་ར་དགོན་པར་ཡང་ད་ནངས་སྔ་དྲོར་སེར་བྱེས་གྲྭ་ཚང་དུ་མཁན་རིན་པོ་ཆེ་རྒྱལ མཚན་ཆོས་འཕེལ་གྱིས་དགོན་པའི་ནང་ཁུལ་དུ་དགེ་འདུན་པ་ཚོར་ཕུར་མཇལ་བཏང་བ་མ་གཏོགས་མང་ཚོགས་ལ་ཕུར་མཇལ་དུ་བཏང་མེད་པའི་གནས་ཚུལ་ཐོན་འདུག ད་དུང་བོད་ཀྱི་ལོ་གསར་དུས་སུ་བོད་ནང་ཁུལ་དུ་སེ་རའི་ཕུར་མཇལ་དང་གཙུག་ལག་ཁང་། སེ་འབྲས་དགེ་གསུམ་གཙོས་དགོན་སྡེ་ཁག་ལ་མང་ཚོགས་མཆོད་མཇལ་དུ་གཏང་རྒྱུ་མིན་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་མ་ཟད། དགོན་ཁག་སོ་སོས་ཀྱང་གསལ་བསྒྲགས་རེ་སྤེལ་ཡོད་པ་རྣམས་ལྷ་སའི་བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་འདུག

གསལ་བསྒྲགས་དེར་ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་རིང་གི་སེ་རའི་ཕུར་མཇལ་དང་ཚུར་ཕུ་སྒར་ཆེན་དགུ་གཏོར། གཙུག་ལག་ཁང་དང་ར་མོ་ཆེ་བཅས་ལ་ལོ་གསར་ཚེས་གཅིག་གི་མཆོད་མཇལ་དང་ཚེས་གཉིས་ཉིན་འབྲས་སྤུངས་གནས་ཆུང་ལྷ་གསོལ། འཕན་པོ་ལྷུན་གྲུབ་རྗོང་ཤར་འབུམ་པ་དགོན་པའི་བཅོ་ལྔའི་དུས་ཆེན། ར་སྒྲེང་གི་བྱ་འདབ་མཆོད་པ། སེ་གླིང་གི་དར་ཆེན་སྐུ་བཞེངས། དགའ་ལྡན་སྟག་རྩེ་སྒྲུབ་མཆོད། རྣམ་རབ་མཐོང་སྨོན་དག་པོ་གྲྭ་ཚང་གི་བཅོ་ལྔ་མཆོད་པ་སོགས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་ཅིག་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་རེད་ཅེས་གསལ་བསྒྲགས་སྤེལ་སོང་།།
ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མཚམས་འཇོག་དགོས་པའི་བསམ་འཆར་འདོན་མཁན་རྣམས་གདན་ས་སེ་འབྲས་དགེ་གསུམ་དང་ཚུར་ཕུ་དགོན་པ། གཙུག་ལག་ཁང་དང་ར་མོ་ཆེ། རྭ་སྒྲེང་དགོན་པ་དང་ཤར་བུམ་པ། སེ་གླིང་དགོན་པ། རྣམ་རབ་མཐོང་སྨོན་དག་པོ་གྲྭ་ཚང་རྣམས་རེད་ཅེས་བསྒྲགས། འདི་དང་དུས་མཚུངས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་གདན་ས་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཁག་ལའང་ལོ་གསར་གྱི་དུས་སུ་མང་ཚོགས་མཆོད་མཇལ་ལ་གཏང་གི་མེད་ཅིང་། འདི་ནི་བོད་ལ་དུས་གྱུར་བྱུང་བའི་གཞུག་ཏུ་གཞིས་བྱེས་གཉིས་སུ་སེ་རའི་ཕུར་མཇལ་གྱི་ལམ་སྲོལ་སླར་གསོ་བྱུང་སྟེ་ལོ་ངོ་༥༠་ལྷག་གི་རིང་དུ་སེ་རའི་ཕུར་མཇལ་དང་ལོ་གསར་གྱི་སྐབས་སུ་མང་ཚོགས་མཆོད་མཇལ་ལ་གཏོང་མ་ཐུབ་པའི་གནས་ཚུལ་བྱུང་བ་ཐེངས་དང་པོ་ཡིན་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG