༄༅།། ཐོག་མར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུ་མི་གྲངས་ས་ཡ་མང་པོ་གནས་ཡུལ་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་མང་གི་འདུ་འཛོམས་རྣམས་བཀག་སྡོམ་བྱས་ནས་ནད་དུག་འགོས་ཁྱབ་འགྲོ་རྒྱུ་བཀག ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་མི་འབོར་ས་ཡ་༦༠་ལྷག་ཡོད་པའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་མང་གི་འདུ་འཛོམས་དང་ཚོང་ལས་སོགས་བཀག་ནས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་གི་ཡོད་ཅིང་། ད་ལྟ་ཨ་རིའི་ནེའུ་ཡོཀ་མངའ་སྡེའི་སྤྱི་ཁྱབ་ཀྱིས་ཀྱང་རོ་ཆེལ་ས་ཁུལ་དུ་རྒྱལ་ཡོངས་ཡུལ་སྲུང་དམག་བཀྲམ་ནས་ཟུར་འགོག་གི་ས་ཁུལ་ཞིག་གཏན་འབེབས་བྱས་འདུག
ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ།
ཉེ་དུས་ཤིག་ནས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འདི་ལ་བལྟས་ནས་ཨ་རིའི་རྒྱལ་ཡོངས་སུའང་རྒྱ་ནག་དང་ཨི་ཊི་ལི་ལྟར་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཚོང་ལས་དང་མི་ཚོགས་འདུ་འཛོམས་སོགས་འགོག་དགོས་མིན་ནམ་ཞེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་བསམ་གཞིག་བྱེད་འགོ་ཚུགས། རྒྱ་ནག་དང་ཨི་ཊི་ལི་སོགས་ཀྱིས་མི་དམངས་རྣམས་རང་ཁྱིམ་དུ་འགོག་དགོས་པའི་བྱ་ཐབས་ཤིག་ལག་ལེན་བསྟར་གྱི་ཡོད་པར་འཛམ་གླིང་འཕྲོད་བསྟེན་འཛུགས་ཀྱི་བསྔགས་བརྗོད་ཐོབ།
ཉམས་ཞིབ་པ་ཚོས་རྩོམ་ཡིག་བྲིས་ནས་ཨ་རིའི་གཞུང་གིས་རྒྱ་ནག་དང་ཨི་ཊི་ལི་ལྟར་འགྲིམ་འགྲུལ་དང་སྐྱེལ་འདྲེན་སོགས་བཀག་སྡོམ་བྱ་དགོས་ཐུག་མི་སྲིད། འོན་ཀྱང་ཨ་མི་རི་ཀས་རྒྱ་ནག་སོགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ནས་འཇོམས་ཀྱི་ཡོད་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟས་ནས་ཉམས་མྱོང་ལེན་ཆོག ཨ་རིའི་གཞུང་གིས་འཕྲོད་བསྟེན་ལས་སྣེ་མཁས་པ་ཚོར་གྲོས་བསྡུར་བྱས་ནས་བཀག་སྡོམ་ཚད་ལས་བརྒལ་བ་ཞིག་མིན་པའི་བྱ་ཐབས་ནུས་པ་ཞིག་ཅན་ལག་ལེན་བསྟར་རྒྱུ་རྙེད་ངེས་རེད། གལ་སྲིད་ས་གནས་སོ་སོའི་མི་མང་གི་འགུལ་སྐྱོད་དང་འགྲིམ་འགྲུལ་བཅས་ལ་བཀག་སྡོམ་བྱས་ན་ཀུན་སྤྱོད་དང་ཁྲིམས། རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཕྱོགས་སོགས་ལ་དཀའ་ངལ་འཕྲད་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་སྨིན་སྲིད་པའི་ཉེན་ཁ་ཆེ། བཀག་སྡོམ་དང་འགུལ་ས་མེད་པ། བཙན་འགོག་སོགས་ཀྱི་ཐ་སྙད་རྣམས་ཀྱང་སྨན་གཞུང་དང་ཆབ་སྲིད་ལ་མཐུན་པའི་མིང་ཚིག་རྣམས་མིན་ཞེས་ཉེན་བརྡ་བཏང་འདུག
ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཐོན་པའི་རྩོམ་ཡིག་དེར་ཉམས་ཞིབ་པ་ཚོས་ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་དོགས་པ་ཡོད་མཁན་ཚོར་བརྟག་དཔྱད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་ནད་པ། དོགས་ཅན་ནད་པའི་རིགས་རྣམས་འཕྲལ་དུ་ལོགས་སུ་བཀར་ནས་སྤྱི་དམངས་འདུ་འཛོམས་ཉུང་དུ་གཏོང་དགོས། རྒྱ་ནག་དང་ཧོང་ཀོང་། སིངྒ་པུར་དང་ལྷོ་ཀོ་རི་ཡ་སོགས་ཀྱི་སྤྱི་སྒེར་ཟུང་གི་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་རྣམས་ལས་ཁུངས་སུ་དངོས་བཅར་མི་དགོས་པར་རང་ཁྱིམ་དུ་ལས་ཀ་བྱེད་དུ་བཅུག་པར་དགེ་མཚན་འདུག་ཅེས་རྒྱུས་སྟོན་བྱས་ཡོད་པ་རེད། རྒྱལ་སྤྱིའི་འཕྲོད་བསྟེན་ལས་གཞི་དང་ཕྱི་འབྲེལ་ཐབས་ཇུས་ཁང་གི་འགན་འཛིན་ཐོ་མ་སི་བྷུ་ལི་ཀིས་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་མ་བཏང་བར་རྒྱ་ནག་གཞུང་གིས་ལག་ལེན་བསྟར་པ་ཁག་ཅིག་ལག་ལེན་བསྟར་ཆོག སྤྱི་དམངས་ཀྱི་འགྲིམ་འགུལ་དང་སྐྱེལ་འདྲེན། མི་ཚོགས་འདུ་འཛོམས་སོགས་ལ་ཚོད་འཛིན་བྱས་ནས་མང་ཚོགས་ལ་བརྟག་དཔྱད་བྱ་རྒྱུ་ཇེ་མང་དུ་གཏོང་དགོས། ཨ་མི་རི་ཀས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཤིག་འཐོན་དགོས་ན་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ཕྱི་གསལ་ནང་གསལ་དང་མི་རྣམས་ཡིད་ཆེས་འཕེར་ཐུབ་པ་ཞིག་ཡིན་དགོས་པར་མ་ཟད། ང་ཚོའི་འགོ་ཁྲིད་ཚོས་རང་གི་ནོར་འཁྲུལ་སོགས་ལ་ངོས་ལེན་བྱེད་ཐུབ་པ་དང་མི་ཤེས་ན་མི་ཤེས་ཞེས་གང་ཐུབ་ཀྱིས་མང་ཚོགས་ལ་དྲང་གཏམ་བཤད་ཐུབ་པ་ཞིག་ཡིན་དགོས་ཞེས་བཤད།
སྟོང་ཤིག་གེར་ཡོད་པའི་ཨི་ཊི་ལིའི་ཐང་ཆེན།